[A:༢༧] མ་ག་དྷའི་གཟུགས་ཅན་སྙིང་པོ། གནས་མལ་གྱིས་ཐོག་མར་མཉེས་པ་ནི་མཉན་ཡོད་ཀྱི་མགོན་མེད་ཟས་སྦྱིན། འདོད་པ་ཀུན་གྱིས་ཐོག་མར་མཉེས་པར་བྱེད་པ་ནི་ལུས་འཕགས་ཀྱི་རྒྱལ་པོ་གཏུམ་པོ་རབ་སྣང་ཡིན་ཏེ། དེས་རང་གི་རྒྱལ་སྲིད་ཀྱི་ཕྱེད། འཕགས་པ་ཀ་ཏྱ་ན་ལ་ཕུལ་བས་སོ། དེ་ལྟར་ཡང་འདུལ་ལུང་ལས། གཙུག་ལག་ཁང་གིས་བཟང་སྦྱིན་ཏེ༎ དགེ་འདུན་གསོས་ཀྱི་གཟོ་སྦྱངས་ཡིན༎ གནས་མལ་མགོན་མེད་ཟས་སྦྱིན་ཏེ༎ འདོད་པ་ཀུན་གྱིས་རབ་སྣང་ཡིན༎ ཞེས་བཤད་དོ།
དེས་ན་སྟོན་པའི་གདུལ་བྱའི་ཐོག་མ་འཁོར་ལྔ་སྡེ་ནས། ཐ་མ་ནི་ཀུན་ཏུ་རྒྱུ་རབ་བཟང་སྟེ། དེའི་ཡུལ་ནི་གྲོང་ཁྱེར་རྩྭ་ཅན་གྱི་རྫིང་བུ་དལ་གྱིས་འབབས་ཏེ། གནས་དེ་ཉིད་ན་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཚལ་ཡོད་པར་འདུལ་ལུང་ལས་བཤད་དེ། དེ་ཡང་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་ཨུ་དུམ་ཝ་རའི་ཚལ་སྦལ་མིག་ཐོན་པར་འགྱུར་རོ། གང་གི་ཚེ་ལྷུམས་ནས་འབྱུང་བ་དེའི་ཚེ་སྦལ་མིག་བྱེས་པར་འགྱུར་རོ། གང་གི་ཚེ་གཞོན་ནུ་རོལ་པའི་ཚེ་མེ་ཏོག་བུས་པར་འགྱུར་རོ། གང་གི་ཚེ་དཀའ་ཐུབ་ཀྱི་ནགས་སུ་ཞུགས་པའི་ཚེ་མེ་ཏོག་ཁ་ཕྱེ་བར་འགྱུར་རོ། གང་གི་ཚེ་དཀའ་ཐུབ་སྤྱོད་པའི་ཚེ་མེ་ཏོག་ཁ་རྙིངས་པར་འགྱུར་རོ། གང་གི་ཚེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་མེ་ཏོག་ཐམས་ཅད་རྒྱས་པར་འགྱུར་རོ། གང་གི་ཚེ་ཝཱ་ར་ན་སིར་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཚེ་ཨུ་དུམ་ཝ་རའི་ཚལ་ལྷམ་མེ་ལྷང་ངེར་འགྱུར་རོ། གང་གི་ཚེ་གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་ཉི་མ་ལ་ཞུགས་པའི་ཚེ་ཨུ་དུམ་ཝ་རའི་ཚལ་རྙིངས་པར་འགྱུར་རོ་ཞེས་བཤད། འོན་ཀྱང་རྟོགས་པ་བརྗོད་པའི་མདོ་ལས། མཚོ་མ་དྲོས་པའི་