[A:༢༨] བྱང་ཕྱོགས་རི་རྩེ་ལྔ་ཞེས་བྱ་བའི་ཕ་རོལ་ན་ཨུ་དུམ་ཝ་རའི་ཚལ་ཡོད་དེ། ཞེས་སོགས། རྩེ་ལྔ་སྟེ་རི་སྤོས་ངད་ལྡན་གྱི་ཕ་རོལ་འདབས་ན་ཨུ་དུམ་ཝ་རའི་ཚལ་ཡོད་པར་བཤད་པས། དེ་གཉིས་ཀ་མཚན་ཉིད་པ་ཡིན་ནམ། དངོས་བཏགས་ཀྱི་ཁྱད་པར་ཡོད་དཔྱད་དགོས་ཏེ། མཚོ་མ་དྲོས་པ་ན་ཡོད་པའི་ཤིང་འཛམ་བུ་དང་། འཕགས་ཡུལ་ན་ཡོད་པའི་ཤིང་འཛམ་བུ་གཉིས་ལ་དངོས་ལ་ཆ་མཐུན་དུ་བཤད་པ་ལྟར་ཡིན་ནོ། ཞེས་དཔྱད་དགོས་སོ།
གཉིས་པ་སྟོན་པ་སྐུ་མྱ་ངན་ལས་འདས་ནས་ཆོས་ཇི་ལྟར་དར་བ་ལ་གཉིས། ཐེག་དམན་དང་། ཐེག་ཆེན་གྱི་བསྟན་པ་དར་ཚུལ་ལོ།
དང་པོ་ལ། རབ་དབྱེ་ལས། སངས་རྒྱས་གསུང་རབ་དྲི་མ་མེད༎ བསྡུ་བ་དང་པོ་ཞེས་པ་ལྟར༎ སྟོན་པ་མྱ་ངན་ལས་འདས་པའི་ཕྱི་དེའི་ལོ་ས་ཕོ་བྱི་བའི་ལོར། འོད་སྲུངས། ཀུན་དགའ་བོ། ཉེ་བ་འཁོར་གསུམ་གྱིས་གཙོས་དགྲ་བཅོམ་པ་ལྔ་བརྒྱས། གནས་རྒྱལ་པོའི་ཁབ་ཏུ། སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲས་བྱས་ཏེ། སྡེ་སྣོད་གསུམ་ཞལ་འདོན་དུ་མཛད་པའི་སྒོ་ནས་བཀའ་བསྡུ་བ་དང་པོ་མཛད།
འོད་སྲུངས། འདི་སྟོན་པར་ཁས་བླངས་ཀྱི་བསྙེན་པར་རྫོགས་པར་བཤད་ཅིང་། ཀུན་དགའ་བོའི་མཁན་པོའང་ཡིན་ལ། འདི་ཉིད་ལོ་འདི་ཉིད་ལ་མྱ་ངན་ལས་འདས་པར་མངོན་པས། འདིའི་སྐུ་གདུང་། སྟོན་པའི་ཕྱག་དར་ཁྲོད་ཀྱི་ན་བཟའ་དང་བཅས་ཏེ། རི་བྱ་རྐང་ཅན་གྱི་མདུན་དུ་རི་གསུམ་གྱིས་བཀག་ནས། བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་བྱིན་གྱིས་བརླབས་ནས་གནས་པར་འདུལ་ལུང་ལས་བཤད། འོན་ཀྱང་མཛོད་ལས། ཤི་བ་ལ་ཡང་བྱིན་རླབས་ཡོད༎ མི་བརྟན་ལ་མེད་གཞན་དག་མིན༎ ཞེས་བརྟན་པ་