R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༡བ
[A:༡བ] ༄༅། ། ཨོཾསྲསི་སི་དྷཾ། ཕུན་ཚོགས་བསོད་ནམས་ཁྲི་འཕང་རྩེར་འཁོད་བར།། མདོ་དང་སྔགས་ཀྱི་འཁོར་ལོོས་སྒྱུར་མཛད་ཅིང།། གངས་ཅན་གདུལ་བྱ་ཀུན་གྱི་སྐྱབས་གྱུར་པ།། དཔལ་ལྡན་ས་སྐྱའི་བླ་ཆེན་རྣམས་ལ་འདུད།། རིགས་རྒྱུད་བཟང་པོ་ནོར་བུའི་ཅོད་པཎ་ནི།། བློ་གསལ་སྤྱི་བོའི་རྒྱན་དུ་ངས་སྦྱིན་གྱི།། དད་པའི་བཞིན་རས་མཛེས་པའི་མཆེད་དུ་ལོང།། ཕན་བདེའི་དགའ་བ་ལང་ཚོ་རྒྱས་པར་གྱུར།། དེ་ལ་རྗེ་བཙུན་ས་སྐྱ་པ་རྣམས་ལ་ཆོས་དང་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་མངའ་བའི་རྒྱུད་པ་བྱོན་ཚུལ་མདོར་བསྡུས་སྟེ་བརྗོད་ན། གདུང་བརྒྱུད་རིན་པོ་ཆེ་ནི་ཐོག་མར་ལྷ་ལས་བབས་པ་ཡིན་ཏེ། ཆེ་བ་གནམ་ལ་སྤྱི་རིངས། བར་པ་གནམ་ལ་གཡུ་རིངས། ཆུང་བ་གནམ་ལ་དབུ་སོའོ། གཡུ་རིངས་ལ་སྲས་བདུན་གྱི་ཆུང་བའི་སྲས་ཐོག་ཚད་དཔའ་འོ་སྟག། དེའི་སྲས་ཀླུ་ཚ་སྟག་སོ་འོད་ཆེན། དེའི་སྲས་གཡའ་སྤང་སྐྱེས། དེའི་སྲས་ཁོན་བར་སྐྱེས། དེའི་སྲས་དཀོན་པ་བྱོང་ཁུང་སྟག། དཔལ་པོ་ཆེའོ། འདི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནང་བློན་ཡིན། དེ་ལ་སྲས་བཞི། དང་པོ་ཁྲི་མཛེས་ལྷ་ལེགས། གཉིས་པ་ཚེ་ལ་དབང་ཕྱུག། གསུམ་པ་ཀླུའི་དབང་པོ་བསྲུང་བ། བཞི་པ་ཚེ་འཛིན་ནོོ། ཀླུ་དབང་བསྲུང་ནི་མཁན་པོ་བོ་དྷི་སྭ་སྟོའི་སློབ་མ་སློབ་མ་ལོ་ཙྪ་བ་སད་མི་བདུན་གྱི་གཅིག་ཡིན། བཞི་པ་ཚེ་འཛིན་གྱི་སྲས་འཁོན་རྡོ་རྗེ་རིན་ཆེན། འདི་སློབ་དཔོན་པད་མིའི་་དངོས་སློབ་ཡིན། དེའི་སྲས་བདུན་གྱི་ཐ་སྟག་མཚན་ཤེས་རབ་ཡོན་ཏན། དེའི་སྲས་ཡོན་ཏན་འབྱུང་གནས། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ། དེའི་སྲས་གཙུག་གཏོར་རྒྱལ་པོ། དེའི་སྲས་གཙུག་གཏོར་ཤེས་རབ། དེའི་སྲས་དགེ་སྐྱབས། དེའི་སྲས་དགེ་མཐོང། དེའི་སྲས་བལ་སོང། དེའི་སྲས་ཤཀྱ་བློ་གྲོས། དེའི་སྲས་ཆེ་བ་མཁོན་རོག་ཤེས་རབ་ཚུལ་ཁྲིམས། རྡོ་རྗེ་རིན་ཆེན་ནས་འདི་ཡན་གསང་སྔགས་སྔ་འགྱུར་བ་ལ་མངའ་མཉེས་སོ། དེའི་སྲས་བཅུང་མཁོོན་དཀོན་མཆོག་རྒྱལ་པོ་ཤིང་ཕོ་ཁྱི་ལོ་སྐུ་འཁྲུངས། འབྲོག་མི་ལོ་ཙཱ་བ། ཁྱིན་ལོ་ཙཱ། མགོས་ལོ་ཙཱ། རྨ་ལོ་ཙཱ། བ་རི་ལོ་ཙཱ་ལ་སོགས་ལོ་ཙཱ་བ་མང་པོ་དང། ཨུ་རྒྱན་གྱི་པཎྜི་ཏ་ཤེས་རབ་གསང་བ་ལ་སོགས་བཤེས་གཉེན་མང་པོ་རྟེན། དཔོན་པོ་རི་པ་དཀར་ལ་སྣུམ་པ། ཆུ་བོ་གཡས་སུ་བབ་པ། བཀྲ་ཤིས་པའི་དགེ་མཚན་མང་པོ་དང་ལྡན་པ་གཟིགས་སྟེ། དགུང་ལོ་བཞི་བཅུ་པ་