R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༢ན
[A:༢ན]༄༅། ། བག་ཡོད་ཅེས་བྱ་བ་ཆུ་མོ་གླང་གི་ལོ་སྟོན་ཟླ་ར་བའི་འཁྲུམས་ཀྱི་ཟླ་བའི་ཡར་ཚེས་ལ་དཔལ་ལྡན་ས་སྐྱ་བཏབ། དེ་ཡང་ཇོ་བོ་རྗེ། དེའི་ཐད་དུ་ཕེབས་དུས། དཔོན་པོ་རི་ལ་འབྲོང་གཉིས་འདུག་པ་གཟིགས། མ་ཧཱ་ཀཱ་ལ་གཉིས་ཀྱི་འཕྲིན་ལས་མཛད་པའི་རྟགས་སུ་འདུག་གསུང། ཕྱག་ཚལ་སྒང་དུ་ཕེབས་པ་དང། ཆིབས་ལས་བབས་ནས་མཆོད་བཤོམ་བགྱིས་གསུང། ས་དཀར་པོ་ལ་ཕྱག་མཆོད་རྒྱས་པར་མཛད། དེ་ལྟར་མཛད་པ་ཅི་ལགས་ཞུས་པས། ཁྱེད་ཀྱི་མ་མཐོང་ངམ། ས་དཀར་པོ་ཕ་གིའི་ལོགས་ལ་ཧྲིཿ ཡིག་དཀར་པོ་གཅིག། དྷཱིཿ་ཡིག་བདུན་དང། ཧུཾ་ཡིག་གཅིག་འདུག་པ་ལ་ཕྱག་མཆོད་བྱས་པ་ཡིན་གསུང། དེ་ཅིའི་ལྟས་ལགས་ཞུས་པས། མ་འོངས་པའི་དུས་སུ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག། འཇམ་དབྱངས་ཀྱི་སྤྲུལ་པ་བདུན། ཕྱག་རྡོར་གྱི་སྤྲུལ་པ་གཅིག་སྟེ་དགུ་བར་མ་ཆད་དུ་ཕ་གིར་བྱོན་ནས་འགྲོ་བའི་དོན་མཛད་ཅིང། གནང་སྐྱེས་སུ་དམ་པ་མང་པོ་བྱོན་ནས་བསྟན་པ་དང། སེམས་ཅན་གྱི་དོན་མཐའ་ཡས་པར་མཛད་པའི་རྟགས་སུ་འདུག་གསུང། དེ་ཕྱིན་ཆད་དེ་ལ་ཕྱག་འཚལ་སྒང་ཞེས་བཏགས་སོ།། ཇོ་བོ་རྗེ་སྙེ་ཐང་དུ་དགུང་ལོ་དོན་གསུམ་པ་ཤིང་ཕོ་རྟ་ལ་གཤེགས། དེ་ནས་ལོ་གཅིག་སོང་བའི་མེ་ཕོ་སྤྲེའུ་ལ། འབྲོམ་སྟོན་པས་ར་སྒྲེང་དུ་ཕེབས་ནས་མེ་མོ་བྱ་ལ་དེར་དགོན་པ་བཏབ། དེ་ནས་ལོ་གཅིག་སོང་བའི་ས་མོ་ཕག་ལ། རྔོགས་ལེགས་པའི་ཤེས་ཀྱིས་གསང་ཕུའི་གཙུག་ལག་ཁང་བཏབ་ནས་བཤད་གྲྭ་ཆེན་མོ་བཙུགས། དེའི་ལོ་ཡ་འབྲོག་སྒང་དུ་རྔོགས་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་འཁྲུངས་པས་རྟེན་འབྲེལ་ལེགས་པར་བྱེད། དེ་ནས་ལོ་བཅུ་གསུམ་སོང་བའི་བཅུ་གཅིག་པ་ཆུ་མོ་གླང་བག་ཡོད་ཀྱི་ལོ་ལ་གདན་ས་ཆེན་མོ་འདི་བྱུང་བ་ཡིན་ནོ།། འདི་བཏབ་ནས་ལོ་གསུམ་བཅུ་སོང་བའི་དྲུག་ཅུ་རེ་དགུ་བཞེས་པ་ཆུ་ཕོ་རྟའི་ལོ་དབྱུག་གུ་ཟླ་བའི་ཚེས་བཅུ་བཞི་ལ་གཤེགས། དེའི་སྲས་ས་ཆེན་ཀུན་དགའ་སྙིང་པོ་ཆུ་ཕོ་སྤྲེའུ་ལ་འཁྲུངས། འཇམ་དབྱངས་ཀྱི་ཞལ་གཟིགས། མདོ་སྔགས་ཀྱི་ཆོས་མཐའ་དག་མཁྱེན། ཡོངས་འཛིན་མང་དུ་བསྟེན། དུས་ཅིག་ཆར་སྐུའི་བཀོད་པ་བཞི་བསྟན་པ་སོགས་རྫུ་འཕྲུལ་དཔག་མེད་མངའ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན། ཚེ་འདི་ལ་ཆོས་མཆོག་ཐོབ་པ་གསུམ། མཐོང་ལམ་ཐོབ་པ་བརྒྱད། གྲུབ་པ་ཐོབ་པའི་སློབ་མ་དཔག་ཏུ་མེད་པ་