R89: གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས། དཔལ་ས་སྐྱ་པའི་རིང་ལུགས་སྐོར།

  • Pagination (Witness A): ༡༢༠
[A:༡༢༠] དཔལ་བཟང་སོགས་དགེ་ལུགས་པའི་ཕྱོགས་དང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་དང་། བོ་དོང་པ་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱིས་ཀྱང་ཅུང་ཟད་དགག་པ་གནང་བའི་ལན་ངོར་ཆེན་རྡོ་རྗེ་འཆང་དང་། ཀུན་མཁྱེན་བསོད་ནམས་སེངྒེ་སོགས་ཀྱིས་གསུང་རབས་ལས་ཤེས་པར་བྱ་ཞིང་། པཎ་ཆེན་ཤཱཀ་མཆོག་པས་སྡོམ་གསུམ་ལ་དོགས་པ་འདྲི་བ་བཀོད་པ་དང་། ཐམས་ཅད་མཁྱེན་པ་པདྨ་དཀར་པོས་ཀྱང་སྡོམ་གསུམ་གྱི་ཐད་ནས་དགག་སྒྲུབ་ཅུང་ཟད་དང་། བརྟགས་གཉིས་འཆད་པ་རྣམས་ལ་དྲི་པ་གནང་བ་སོགས་ཀྱི་ལན་ཀུན་མཁྱེན་རིན་པོ་ཆེ། གློ་བོ་མཁན་ཆེན། ཀླུ་སྒྲུབ་རྒྱ་མཚོ། ངག་དབང་ཆོས་གྲགས་སོགས་ཀྱིས་རིམ་པར་གནང་བ་དང་། ཆོས་རྗེ་ངོར་པ་ལ་རྫོང་ལུང་བས་དགག་པ་བྱས་པའི་ལན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་དང་། ངག་དབང་བརྟན་པའི་རྡོ་རྗེ་སོགས་ཀྱིས་མཛད་པ་དང་། ཇོ་ནང་པ་སོགས་ཀྱི་ཕྱོགས་ནས་གསང་ཆེན་སློབ་བཤད་པའི་རིང་ལུགས་ལ་ཟུར་ཟ་མཛད་པར། མང་ཐོས་ཀླུ་སྒྲུབ་དང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་ལན་ཟབ་ཅིང་རྒྱ་ཆེ་བར་གནང་བ་རྣམས་ལ་བློ་གྲོས་ཀྱི་མིག་བསྒྲུབས་ན་ལོག་རྟོག་གི་དྲི་མ་དང་བྲལ་ནས་སླར་ཡང་རྒྱུ་མཚན་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པར་འགྱུར་རོ༎ ༎