R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 292
[A:292]ལྟའི་སྐབས་ན་བསྟན་པའི་སྲོག་ཤིང་འཛིན། །སྙིགས་དུས་འགྲོ་མགོན་ཆོས་རྒྱལ་རབ་བརྟན་གྱིས། །རྣམ་ཐར་ནོར་བུའི་རྒྱལ་མཚན་ཆེར་བཙུགས་ནས། །སྙན་གྲགས་བ་དན་གཡོ་བའི་རྒྱུར་གྱུར་ཅིག །མདོར་ན་བསྟན་དང་འགྲོ་ལ་ཕན་ཕྱིར་དུ། །ལྷག་བསམ་རྣམ་པར་དག་པས་བཀོད་པ་དང་། །བླ་མེད་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག །སྨྲ་བའི་སེང་གེ་འཇམ་དབྱངས་མགོན་པོའི་སྐུ། །མཚན་དཔེའི་གཟི་འོད་འཁོར་ཚོགས་སྐུ་ཚེའི་ཚད། །ཞིང་ཁམས་འཕྲིན་ལས་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འཇུག་གྱུར་ཅིག །ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ལེགས་ཆེན་པོའི་དཔལ་གྱིས་ཀུན་ནས་ཀུན་ཏུ་འབྱོར་ཅིང་ཁྱབ་གྱུར་ཅིག བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྨོན་ལམ་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱལ་པོ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར་བྷན་དྷ་རེ་སྭཱ་ཧཱ། ཞེས་པ་ལན་གཅིག་བརྗོད་པས། རང་དང་གཞན་གྱི་དོན་དུ། སྨོན་ལམ་བཏབ་པ་ཐམས་ཅད་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །ཞེས་མདོ་སྡེ་ནས་གསལ་བར་གསུངས་སོ། །དགེ་ལེགས་འཕེལ་བར་གྱུར་ཅིག རྒྱ་གར་རྒྱ་ནག་ལི་ཡུལ་ཁ་བ་ཅན། །ཟས་གཙང་ལ་སོགས་རྒྱལ་རབས་མང་པོ་དང་། །ས་སྐྱའི་གདུང་རབས་ལ་སོགས་གངས་ཅན་དུ། །བླ་རབས་བྱོན་ཚུལ་མཛད་འཕྲིན་དེབ་གཏེར་འདི། །བསྟན་ལ་རབ་འབྱམས་བོ་དྷི་དྷྭ་ཛ་ཡིས། །ལྷག་བསམ་རྣམ་པར་དག་པས་མྱུར་བར་བྲིས། །འདི་བྲིས་པ་ལས་དགེ་བ་གང་ཐོབ་དེས། །འགྲོ་ལ་འཁོར་བའི་གཡང་ས་རབ་བཀན་ནས། །ས་དང་ལམ་གྱི་སྤངས་རྟོགས་མྱུར་རྫོགས་ཏེ། །བཅུ་གསུམ་རྡོ་རྗེ་འཛིན་པ་ཐོབ་ཕྱིར་བསྔོ།། དགེའོ། །བཀྲ་ཤིས།། །།