R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༦ན
[A:༦༣༦ན]འབྲེལ་ཚད་མཐའ་དག་འཕྲལ་ཡུན་ཕན་བདེ་ལ་རེག་ཅིང། ། བདག་གི་ཡིད་ལ་རེ་བ་མཐའ་དག་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག ། ༡༣ ཅེས་ཐོབ་ཡིག་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི། །རང་ལོ་བཅུ་ཕྲག་འོད་དཀར་དང་ཉག་མ་དབང་པོའི་གྲངས་སུ་སོན་པ་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོའི་ནག་པ་ཟླ་བའི་དཀར་ཕྱོགས་ཚུན་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཇི་ལྟར་ཐོབ་པའི་ཚུལ་བརྒྱུད་རིམ་དང་བཅས་པ་རྣམས་རང་གི་དྲན་པའི་རྟེན་དང་། སྒོམ་སྒྲུབ་ཉམས་ལེན་ཅི་ནུས་བགྱིད་མུས་ནས། སྐལ་མཉམ་གཞན་ལའང་དམ་ལ་གོང་མའི་ཕྱག་བཞེས་བཞིན་མ་འཁྲུལ་བར་འཆད་ཅིང་སྤེལ་བས་༧རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། བྱེ་བྲག་རྗེ་བཙུན་ས་སྐྱ་པའི་བཀའ་སྲོལ་དྲི་མ་མེད་པ་འདི་ཉིད་གངྒཱའི་ཆུ་རྒྱུན་བཞིན་དུ་ཆད་མེད་ཡུན་དུ་གནས་པའི་ཞབས་ཞུ་རྣམ་དག་ཅིག་འགྲུབ་ན་སྙམ་པའི་ལྷག་བསམ་ཁོ་ནས་བྲིས་པ་བི་ཛཡནྟུ། །ཞལ་གྲོ། །