R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༦༤
[A:༨༦༤]གཞི་ཐོག་ཕོ་བྲང་གི་ཡང་སྟེང་། འཇམ་མགོན་ཨ་མེས་ཞབས་ཀྱི་གཟིམ་ཆུང་། འཆི་མེད་རྡོ་རྗེའི་ཕོ་བྲང་ཨེ་ཝཾ་བྱང་ཆུབ་འབྱུང་བའི་གནས་སུ། ལེགས་པར་གྲུབ་པར་བགྱིས་པ་འདི་ལ་གོང་མ་རྣམས་ཀྱི་རྣམ་ཐར་སོ་སོར་གསལ་བ་དང། དེང་དུས་རྣམས་རང་བློར་ངེས་པ་དང་། དུས་མཚུངས་ལོ་རྒྱུས་ཚང་མ་བརྗོད་པ་སོགས་སྒྲོ་སྐུར་མེད་པ་སྦྱར་བ་འདི་ལ་ནོངས་པའི་རིགས་མེད་སྙམ་ཡང། གལ་ཏེ་ཇི་བཞིན་མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་ཀྱི་ཉེས་སྐྱོན་སྲིད་ན་མཆོག་གསུམ་དམ་ཅན་རྒྱ་མཚོའི་སྤྱན་སྔར་མཁའ་མཉམ་འགྲོ་ཀུན་སྡིག་དང་ལྷན་ཅིག་བཤགས་ཤིང། དགེ་བས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ས་བསྟན་དར་ཞིང་འཁྲུལ་བྲལ་གདུང་རབས་རིན་པོ་ཆེ་འཁོར་བ་མ་སྟོངས་བར་དེ་སྲིད་དུ་རྒྱུན་མི་འཆད་པར་བྱོན་ཏེ། ཕྱོགས་ཐམས་ཅད་དུ་བཱི་ཛ་ཡནྟུ། ཡི་གེ་པ་ནི་བཀའ་རབ་འབྱམས་སྨྲ་བ་གྲགས་པ་རྣམ་རྒྱལ་ལོ། །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་རྣམས། །ཚེ་མཐར་ཕྱིན་ཅིང་བསམ་དོན་ཀུན་འགྲུབ་ནས། །འཇམ་དབྱངས་བདུན་བརྒྱུད་ཆོས་སྲིད་ཕུན་སུམ་ཚོགས། །རབ་ཏུ་རྒྱས་ཤིང་ཡུན་དུ་གནས་གྱུར་ཅིག །སིངྷི་རནྟུ། ཤུ་བྷ་བནྟུ། སརྦ་ཛ། ག་ཏམ། ཞལ་གྲོལ།། །།