R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 1
[A:1] མཆོད་པར་བརྗོད་པ། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། འགྲོ་བའི་དོན་དུ་དཀའ་བ་དཔག་མེད་པས།། བྱང་ཆུབ་མཆོག་རབ་འདི་ནི་མངོན་མཁྱེན་ནས།། རིགས་རུས་བརྗོད་བྱའི་ཡུལ་ལས་རབ་འདས་ཀྱང་།། རིགས་རུས་ཆོ་འབྲང་མཆོག་གྱུར་ཟས་གཙང་སྲས།། ངོ་མཚར་རྨད་བྱུང་མཆོག་གི་སྤྲུལ་སྐུ་དེས།། ཤིན་ཏུ་གདུལ་དཀའི་སེམས་ཅན་སྨིན་མཛད་པ།། ཤཱཀྱའི་རྒྱལ་པོ་ཐུབ་དབང་དེ་དག་ལ།། སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆི།། ཐོག་མར་འཛམ་གླིང་འདི་ན་མཆོག་གྱུར་པ།། ཟས་བཞི་མིང་དྲུག་ཐ་དད་རྣམ་གསུམ་གྱིས།། ཀུན་ནས་འབྱོར་པ་སྐྱོན་མེད་མི་ཡི་བདག། མང་པོས་བཀུར་བའི་ཞབས་ལ་ཕྱག་འཚལ་ལོ།། བསོད་ནམས་མཐུ་ཆེན་ཁམས་ལས་ལེགས་གྲུབ་པའི།། འདོད་འབྱུང་རིན་ཆེན་བདུན་གྱིས་ལེགས་འབྱོར་ཏེ།།