R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 90
[A:90]སྣང་མཛད་སྤྲུལ་པའི་སྐུ། །དེ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུར་འདུད། །ལུས་རྩ་གནས་གྱུར་བླ་མ་སྤྲུལ་པའི་སྐུ། །རྩ་ཡིག་གནས་གྱུར་བླ་མ་ལོངས་སྤྱོད་རྫོགས། །ཐིག་ལེ་གནས་གྱུར་བླ་མ་ཆོས་ཀྱི་སྐུ། །རླུང་ཁམས་གནས་གྱུར་བླ་མ་ངོ་བོ་ཉིད། །ཀུན་གཞི་གནས་གྱུར་ཤིན་ཏུ་རྣམ་དག་སྐུ། །རིགས་ཀུན་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང༌། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །བརྒྱུད་པར་བཅས་པ་རྣམས་ལ་ཕྱག་འཚལ་ལོ། ། གཞན་གྱི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །ཚོགས་གཉིས་ཡོངས་རྫོགས་སྒྲིབ་གཉིས་ཀུན་སྤངས་པའི། །རྫོགས་པའི་སངས་རྒྱས་རྣམས་དང་དམ་པའི་ཆོས། །སྲས་བཅས་དགྲ་བཅོམ་རྣམས་ལ་རྟག་ཕྱག་འཚལ། །དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །གསུང་གི་དབང་ཕྱུག་འཇིག་རྟེན་ཀུན་གྱི་མིག །དྲི་མེད་བསྟན་དང་འགྲོ་བ་མ་ལུས་གཉེན། །མཁས་གྲུབ་ལོ་པཎ་རྣམས་ལ་སྙིང་ནས་འདུད། །རྣམ་ཐར་གསུམ་གྱི་ངང་ལས་མ་གཡོས་ཀྱང༌། །འཇིགས་པའི་སྐུར་སྟོན་མཚོན་ཆ་སྣ་ཚོགས་འཛིན། །བསྟན་ལ་སྡང་བའི་དགྲ་བགེགས་བདུད་ཀྱི་ཚོགས། །མཐར་བྱེད་ཆོས་སྐྱོང་སྲུང་མ་རྒྱལ་གྱུར་ཅིག། གངས་ཅན་འགྲོ་རྣམས་སྡུག་བསྔལ་གྱིས་གཙཻས་པ། །སེལ་ཕྱིར་སྙིང་རྗེས་སྨོན་པ་མཐུ་ཆེན་འགྲུབ། །སེམས་དཔའ་ཆེ་རྣམས་རྒྱལ་བློན་ཚུལ་བཟུང་བའི། །བསྟན་པའི་སྦྱིན་བདག་རིམ་པར་བྱོན་ལ་འདུད། །
རང་བཞིན་བརྗོད་པའི་རྒྱན་གྱིས་མཆོད་པར་བརྗོད་ནས།
ཐོས་པར་གྱུར་པའི་དམ་པའི་ཆོས་རྣམས་བླ་མ་དམ་པ་རྣམས་ལ་འདི་སྐད་དུ་བདག་ཅག་སྐལ་བ་དང་ལྡན་པ་རྣམས་ཀྱིས་དུས་ཚེས་བཟང་པོ་ཐམས་ཅད་དུ་ངེས་པར་ཐོས་པའི་དུས།
རྒྱུད་དགོངས་པ་ལུང་སྟོན་ལས།
སྐད་ཅིག་ཐང་ཅིག་ཡུད་ཙམ་དང༌། །ཟླ་ཕྱེད་ཟླ་བ་ལོ་ཡི་དུས།། བསྐལ་པ་གྲངས་མེད་གསུམ་པོ་ནི། །སྐད་ཅིག་གཅིག་ཏུ་མཉམ་པར་བྱིན་གྱིས་རློབ་པར་མཛད་པའི་ཚེ་ན། སྟོན་པ་ཕུན་སུམ་ཚོགས་པ་དྲིན་ཅན་རྩ་བའི་བླ་མ་དམ་པ་དྲུག་པ་རྡོ་རྗེ་