[A:93]དང་དོན་མཐུན་པར་གྱུར་པའི་སྐབས་སུ་བདག་ཉིད་ཀྱང་ཁ་དྲག་གི་སྙེམས་པས་སླར་ཡང་སྟོབས་འབྱོར་གྱི་རླབས་ཆེ་རུ་ཨེ་འགྲོའི་རེ་བ་དང་ཆུང་དུ་སོང་དོགས་པའི་རྣམ་གཡེང་རླུང་དམར་གྱིས་མ་ཁྱེར། ཁ་ཞན་བྱ་བ་ཐམས་ཅད་གཞན་དབང་དུ་གྱུར་པའི་སྡུག་བསྔལ་དྲག་པོའི་ཁུར་གྱིས་མ་ནོན། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན། རང་དབང་ཅན་དུ་གྱུར། སྔོན་བསགས་ཀྱི་མཐུས་དད་པ་དང༌། བརྩོན་འགྲུས་དང༌། བག་ཡོད་པ་དང༌། བཤད་ན་གོ་བའི་ཤེས་རབ་དང་ལྡན་པས། འཕགས་པ་ཤཱ་རིའི་བུའི་སྨོན་ལམ་འགྲུབ་པ་དང་ཆོས་མཚུངས་པའི་ཕྱིར་དུས་ཕུན་སུམ་ཚོགས་པ་འདིར། ཆོས་ཕུན་སུམ་ཚོགས་པ་ཐུབ་གསུང་དྲི་མ་མེད་པ་ཐེག་པ་གསུམ་གྱི་དམ་པའི་ཆོས་ཐོག་མཐའ་བར་གསུམ་དུ་དགེ་བ་ཉན་ཏེ། ཆོས་ཐོས་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་སྟཻ། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་བྱ་བ་ལ་སོགས་པའི་དོན་སྙིང་ལ་བརྣག་པས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་འདོད་ནས། ཇི་ལྟར་ཐོས་པ་རྣམས་རང་གི་དྲན་པ་གསོ་བ་དང༌། ཚོང་པ་ཚོང་ཁེ་མཐོང་ནས་ཚོང་ལས་ལ་འཇུག་པ་ལྟར། ཕྱིས་ནས་ཀྱང་རང་ཉིད་སྤྲོ་བ་འཕེལ་ཞིང་བསྐུལ་མ་འབྱུང་བའི་ཕྱིར་དུ་ཡི་གེར་དགོད་པར་བྱའོ། །ཇི་ལྟར་བྲི་བའི་ཚུལ་ཡང༌། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དཔལ་བཟང་པོའི་གསན་ཡིག་བསྲེགས་བཅད་བརྡར་བ་གསེར་གྱི་འབུམ་ཆུང་ལས། ཕྱི་ནས་བརྒྱུད་ལ་ནང་བརྒྱུད་འདེད་པ་དང༌། །ངེས་བརྒྱུད་དོར་ནས་མ་ངེས་རྒྱུན་འདྲེན་དང༌། །མ་ཐོབ་པའང་ཐོབ་ཁུལ་གླེང་བ་དང༌། །ཐེ་ཚོམ་ཅན་ལ་ཐག་ཆོད་བྱེད་པ་སྟེ། །སྐྱོན་བཞིའི་བརྫུན་གྱི་དུག་ཆུ་འདིར་སྤངས་ནས། །ཕལ་ཆེར་གོང་མའི་གསན་ཡིག་ལུགས་བཞིན་བྲི༑ ༑ཞེས་པ་གྲུབ་མཐའ་གཞན་ནས་བྱུང་བའི་ཆོས་རྒྱུན་གྱི་བརྒྱུད་པ་དོར་ནས་རང་ལྟོས་