R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 107
[A:107]སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱའི་སྒོ་ནས་གདུལ་བྱའི་དོན་མཛད་ཚུལ་རྗོད་ཀྱིས་ག་ལ་ལང༌། འོན་ཀྱང༌། དེའི་རྣམ་འཕྲུལ་གྲགས་ཆེ་བ། འབྲོམ་སྟོན་པས་སྐུ་ཚེ་དེ་ལ་དགེ་བསྙེན་གྱི་རྟེན་གྱིས་བསྟན་པ་ལ་བྱ་བ་མཛད་པ་ན་ཅུང་ཟད་མ་རྫོགས་པས་བསྙེན་པར་རྫོགས་པའི་རྟེན་གྱིས། བསྟན་པའི་བྱ་བ་མཛད་པ་ནི། ཆོས་རྗེ་རྣམ་གསུམ་གྱིས་ཆོས་འཁོར་ཁྱད་པར་ཅན་གནམ་རྩེ་ལྡེང་དུ་བསྐོར་ནས། དང་ཚུགས་ཀྱི་བསྟན་པ་བརྩུགསབཙུགས་པ་དང་དུས་མཚུངས་སུ་མཛད་ན་ཤིན་དུ་ཕན་ཆེ་བར་དགོངས་ནས། སྐུ་ཚེ་འདིར་ངུར་སྨིག་འཕྱང་པ་ཀུན་གྱི་ནང་ན་འགྲན་ཟླ་མེད་པར་གྱུར་ཚུལ་གྱི་རྣམ་ཐར་ཆེ་ལོང་ཙམ་ཞིག་བརྗོད་པར་བྱའོ། །དེ་ཡང༌། བདག་གིས་སྔ་མོས་ནས་བྱས་པའི་རྣམ་ཐར་མདོར་བསྡུས་ཀྱི་གསོལ་འདེབས། ད་ལྟ་རང་རེ་ཀུན་ལ་གྲགས་པ་འདི་གཞུང་དུ་བྱས་ནས་བསྟན་པར་བྱ་བ་ལས། སྔོན་དུ༑ མཚན་སྤེལ་གྱི་སྒོ་ནས་མཆོད་པར་བརྗོད་པ་ནི། བསྟན་པའི་བདག་པོ་ཤཱཀྱ་སེང་གེ་ཡི། །བསྟན་པའི་རྒྱ་མཚན་ཕྱོགས་བཅུར་ལེགས་གཟུངབཟུང་ནས།། བསྟན་དང་བསྟན་འཛིན་འགྲོ་བའི་དཔལ་གྱུར་པའི། །བསྟན་པའི་རྩ་ལག་བཟང་པོའི་ཞབས་ལ་འདུད། །ཅེས་པ་སྟེ། རྐང་པ་རེ་རེའི་མགོ་རྣམས་རྗེས་ཁྲིད་དུ་བྱས་པའི་ཚིག་རྒྱན་ནམ། སྔ་མ་ཕྱི་མར་བསྐོར་བའི་སྐོར་རྒྱན་ཏེ་དོན་རྒྱན་དུ་ཡང་འགྲོའོ། །འོན་ཀྱང་སྙན་ངག་གི་བརྡ་མང་པོ་ནི་ཀུན་གྱིས་གོ་བར་དཀའ་བས་ཤིན་ཏུ་གོ་སླ་ཞིང་ཚིག་བགྲོད་པ་ཡང་བར་བཀོད་ལ་དེ་ནི་རྟོགས་པར་སླའོ། ། རྣམ་ཐར་དངོས་ལ་དགོས་པ་ཁྱད་པར་ཅན་གཟིགས་ནས་སྐྱེ་བ་བཞེས་ཚུལ་དང༌། རང་ཉིད་ཡོངས་སུ་སྨིན་པར་མཛད་ཚུལ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་ཚུལ། སླར་ཡང༌། ནང་གི་རྣལ་འབྱོར་གཙོ་བོར་མཛད་ཚུལ་ལོ།།