R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ཆོས་ཀུན་གདོད་ནས་སྐྱོན་མེད་མཁའ་ལྟར་རྣམ་དག་གཟིགས། །གཉིས་སུ་མེད་པའི་བྱང་སེམས་བདུད་རྩིའི་ཆུ། །རྒྱ་མཚོའི་
༼འཇིངས༽
ལྟར་རྒྱ་ཆེ་ཟབ་ཡངས་པ། །མཁའ་མཉམ་འགྲོ་བ་འཆི་མེད་དབྱིངས་ལ་འགོད་མཛད་པའི། །སྒྲ་བསྒྱུར་གོང་མ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །འཁོར་དང་མྱ་ངན་འདས་པའི་ཡོན་ཏན་རྒྱ་མཚོ་ཡིས། །རང་གཞན་མ་ལུས་པ་རྣམས་སྨིན་དང་གྲོལ་མཛད་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །སེམས་ཅན་སྙིགས་མ་དུས་ལ་བརྩེ་དགོངས་ལ། །ཕ་ལ་ཕར་མི་འཛིན་ཅིང་མ་ལ་མར་མི་འཛིན། །ཤིན་ཏུ་མི་སྲུན་འགྲོ་བ་མང་པོ་དང༌། །དུས་སྙིགས་ཚེ་ལོ་བརྒྱ་པ་དང༌། །ཉོན་མོངས་སྙིགས་མ་དྲུག་དང་རྩ་བའི་ཉོན་མོངས་དང༌། །ཕྲག་བརྒྱའི་གྲངས་དང་རགས་པ་དང༌། །ལྟ་བའི་སྙིགས་མ་སྟོང་པ་ཆད་ལྟ་ཕྱོགས་གཅིག་དགག །བདག་ལྟ་ཤས་ཆེ་ཕྱི་པ་མུ་སྟེགས་དང༌། །ལོངས་སྤྱོད་སྙིགས་མ་དབུལ་ཞིང་ཕོངས་པ་འབྱོར་མི་ལྡན། །དེ་འདྲའི་དུས་ལ་དགོངས་ཏེ་སྟོན་པའི་བསྟན་པ་དང༌། །མཚན་ཙམ་ཐོས་པས་བསོད་ནམས་དཔག་མེད་གཏེར་གྱུར་པ། །དུས་རྣམས་རྟག་ཏུ་བཀའ་དྲིན་རྗེས་སུ་དྲན་པར་བྱས། །ཆོས་འབྱུང་མེ་ཏོག་སྙིང་པོ་སྤྲང་རྩིའི་བཅུད། །བློ་གསལ་རིག་པ་བུང་བ་ལྟ་བུས་བླངས། །མཁས་རྣམས་སྐལ་ལྡན་རིན་ཆེན་སྣོད་བརྒྱུད་པའི། །སྔ་རབས་ཆོས་འབྱུང་ལོ་རྒྱུས་ཇི་ལྟ་བ། །མདོ་རྒྱུད་གསུང་རབ་བཀའ་ཆེམས་རིམ་པ་བཞིན། །བསྟན་པ་སྔ་ཕྱི་དར་བའི་ཡི་གེ་རྣམས་དང་ནི། །མཁས་པའི་གསུང་རབ་རིམ་པར་རབ་བརྒྱུད་པ། །ཡི་གེ་འཐོར་བ་ཐམས་ཅད་ཕྱོགས་གཅིག་ཏུ། །ཉང་རལ་བདག་གིས་མ་ནོར་རིམ་བཞིན་འགོད། ། སྤྱིར་འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ་བ་ནི། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལགས། དེ་ཡང་ཇི་ལྟར་བཀའ་དྲིན་ཆེ་ན། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐབས་ཅད་རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་འགོད་པའི་གོ་ཆ་ཆེན་པོ་རབ་ཏུ་གྱོན་ནས། བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། ཚོགས་གཉིས་ཀྱི་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ཤར་ནས་འཁོར་བ་མ་སྟོངས་བར་དུ་འགྲོ་བའི་དོན་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་འགྲོ་བ་མ་ལུས་པ་བྱང་ཆུབ་གསུམ་ལ་འགོད་པས་བཀའ་དྲིན་ཆེ་བ་ལགས། མི་མཇེད་འཇིག་རྟེན་ཁམས་ལ་བཀའ་དྲིན་ཆེ་བ་ནི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལགས། དེ་ཡང་ཇི་ལྟར་བཀའ་དྲིན་ཆེ་ན། སྙིགས་མ་ལྔ་དང་ལྡན་པའི་ཞིང་ཁམས་འདིར། ཚད་མེད་ཐུགས་རྗེ་ཆེན་པོས་ཁྱབ་པར་མཛད་ནས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བརྩོན་འགྲུས་ཀྱི་སྟོབས་དང་ཤུགས་ཀྱིས་དཀའ་ཐུབ་དཔག་ཏུ་མེད་པས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ། གྲངས་མེད་ཅེས་པ་ནི་གྲངས་ཀྱི་གནས་གཞན་དྲུག་ཅུས་བགྲང་བར་མི་ནུས་པ་སྟེ།
༼སོ་སོ་སྐྱེ་བོ་ཡི་ས་ལ་བསྐལ་པ་གྲངས་མེད་ཅིང༌། ས་དང་པོ་ནས་བདུན་པའི་བར་ལ་གཅིག ས་བརྒྱད་པ་དགུ་པ་བཅུ་པ་དག་པ་ས་གསུམ་ལ་གྲངས་མེད་གཅིག་ཏུ་སློབ་སྟེ། མདོ་སྡེ་རྒྱན་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཉིད། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱི་ཡང་དག་རྫོགས། །ཞེས་སོ། །སོ་སོའི་སྒོམ་གཉིས་ལ་གྲངས་མེད་གཅིག་སྦྱོར། ས་གསུམ་ནས་སངས་རྒྱས་ལ་གྲངས་མེད་གཅིག་སྦྱོར་རོ། །དབྱིག་གཉེན་གྱིས་ཀྱང༌། དེས་གྲངས་མེད་གསུམ་ལས་སངས་རྒྱས་འབྱུང་ངོ་མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང༌། །ཞེས་དཀོན་མཆོག་སྤྲིན་ལས་བཤད་དོ། །༽
གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌། །གཏམ་དཀྲིག་མི་འཁྲུག་ཁྱད་འབྱིན་དང༌། །སྤང་རྟེན་དེད་འདྲེན་མཐའ་སྣང་དང༌། །རྒྱུ་རིག་འོད་མཛེས་དབང་པོ་དང༌། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང༌། །རྒྱ་རྟགས་སྟོབས་འཁོར་བརྡའ་ཤེས་དང༌། །རྣམ་འབྱུང་དང་ནི་སྟོབས་མིག་དང༌། །བྱམས་པ་ཆེན་པོར་ཤེས་པར་བྱའོ། །འབྱུང་བཞི་ཕྱོགས་ནི་ཆེན་པོ་བཞིས། །ཁ་སྐོང་དྲུག་ཅུར་ཤེས་པར་བྱ། །ཞེས་སངས་རྒྱས་ཕལ་པོ་ཆེ་ལས་གསུངས་པས།