[A:༣༠༢ན]ཡང་ཁྱི་ནག་ཕ་ཇོ་ཟེར་བའི་མགོན་ཁྱི་ཞིག་ཡོད་པའི་མགུལ་དུ་ཡི་གེ་བཏགས་དེ་བཏང་བས་གར་བརྫངས་པར་སླེབས་ཏེ། ཚུར་ཡིག་ལན་ཡང་དེ་ཁ་ལ་བསྐུར་བས་ཆོག དེ་ཐམས་ཅད་ཆོས་སྐྱོང་གི་སྤྲུལ་པ་ཡིན། དུས་རྒྱུན་དུའང་གསུང་བཅད་མཛད་དེ་བསྙེན་སྒྲུབ་རང་མཛད། དེའི་དབང་གིས་ནུས་པ་རྫུ་འཕྲུལ་ཐོགས་མེད་མངའ། འབྱུང་བ་ལ་རང་དབང་ཐོབ་པས་ཞུ་མཁན་བྲག་ཏུ་བླ་མ་སྒྲུབ་པ་མཛད་པའི་ཚེ་བྲག་ལ་ཕྱག་གིས་འཇུས་པའི་རྗེས། ར་ལུང་དུ་སྦྱིན་སྲེག་མཛད་པའི་རྡོ་ལ་ཕྱག་རྗེས། ར་ལུང་གི་སྒོམ་སྡེ་ལ་ཆུ་གནོད་ཞི་བའི་ཕྱིར་ཞབས་རྗེས། སྟག་རིའི་དབེན་གནས་རྒྱུན་དུ་བརྟན་པའི་ཕྱིར་དང་ཆོས་རྫོང་སོགས་ཏེ་ཞབས་རྗེས་བདུན་བཞག སྟག་རིར་གསང་སྤྱོད་ལ་བྱོན་པ་ན། བུ་མོ་རུས་པའི་རྒྱན་གྱིས་བརྒྱན་པ་གསུམ་བྱུང་ནས། ཁྱོད་རྒྱ་གར་ཡུལ་དུ་འབྱོན་ཙ་ན། །ངེད་མི་འགྱུར་བུ་མོ་སྤུན་གསུམ་གྱིས། །ལམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །དེ་ཐུགས་ལ་གསལ་ལམ་ལོ་ཙཱ་བ། །ཞེས་ཟེར་བའི་མོད་ལ་རྗེ་མར་པ་འཁྲུངས་པའི་སྐབས་ཤིན་ཏུ་གསལ་པོར་དྲན། ཆོས་རྗེའི་སློབ་མ་ཕྱི་ཚར་རྣམས་ཀྱི་གདམ་ངག་རྫོགས་པར་མཛད། ཉིད་ཀྱི་སློབ་མ་འགྲོ་སྒོམ་ཞིག་པོས་ལྷོ་ཁ་བཞི་དབང་དུ་བསྡུས། ར་ལུང་གི་ཕྱི་རྟེན་བཞེངས་པའི་གཉྫྱི་ར་བསྐྱོན་པ་ལ་སྟག་རི་ནས་རྫུ་འཕྲུལ་གྱིས་རྐྱང་ལ་ཆིབས་ཏེ་བྱོན། དེར་རབ་ཏུ་གནས་པའི་དུས་དཀར་བརྒྱུད་ཀྱི་བླ་མ་རྣམས་དངོས་སུ་བྱོན་པ་གཟིགས། དྲུག་ཅུ་རེ་གཅིག་ལ་ཞི་བར་གཤེགས་སོ། །གཞོན་ནུ་སེངྒེ་གཅེན་ལྷ་བཙན་གྱིས་སྲས་གཉིས་བྱུང་བའི་ཆེ་བ་ཡིན། ཆུང་བ་རིན་ཆེན་དཔལ་ལོ། །དགུང་ལོ་བརྒྱད་པ་ལ་ཆོས་རྗེའི་དྲུང་དུ་རབ་ཏུ་བྱུང་། རྩ་གསུམ་པ་ལ་བསྙེན་པར་རྫོགས། སོ་གསུམ་པ་ལ་གདན་སར་བྱོན། རྗེ་ཁུ་དབོན་གཉིས་ཀྱི་གདམ་ངག་བུམ་པ་གང་བྱོ་ཡོད། རྩ་རླུང་གི་ནུས་པ་ཆེ། འདིའི་རིང་ལ་ལྷོ་འབྲུག་ཐུབ། འབྲུག་ལ་གླིང་ལོག་བྱུང་། དགུང་ལོ་དྲུག་ཅུ་རེ་བདུན་པ་ལ་གཤེགས། ཞལ་སློབ་ཀྱང་གྲུབ་ཐོབ་གཡུ་མོ་ཆེ་བ་ལ་སོགས་ཐོན།། སློབ་དཔོན་རིན་དཔལ་གྱི་སྲས་པོ་ཉི་མ་སེངྒེ་བཅུ་གཅིག་པ་ལ་ཆོས་རྗེ་གཞོན་ནུ་ལ་རབ་ཏུ་བྱུང་། རྟོགས་པ་མཆོག་ཏུ་གྱུར། བཅུ་དྲུག་པ་ལ་གདན་སར་ཕེབས་དགུང་ལོ་སོ་བདུན་པ་ལ་གཤེགས། སེངྒེ་ཤེས་རབ་དབོན་སྟག་གི་སྲས་སུ་མཆེད་གཉིས་འཁྲུངས་པའི་གཅེན་པོ། དགུང་ལོ་དྲུག་ནས་ཏིང་ངེ་འཛིན་རང་འཁྲུངས། བཅུ་གཅིག་པ་ལ་ཆོས་རྗེ་གཞོན་ནུ་ལ་རབ་ཏུ་བྱུང་།