[A:༤༨]ཅག་གི་རིག་པས་དཔྱད་ན་སྔར་བར་དོར་འགྲུབ་པ་ལུང་བསྟན་པ་དེ་བར་དོར་མཐོང་བའི་ལམ་གྱི་ཡེ་ཤེས་ཐོབ་སྟེ། ས་དང་པོ་རབ་ཏུ་དགའ་བ་མངོན་དུ་བསྒྲུབས་ནས་བདེ་བ་ཅན་དུ་གཤེགས་ལ། དེ་ནས་གཉིས་པ་དྲི་མ་མེད་པ་ཐོབ་པར་མཛད་ནས་འཇིག་རྟེན་གྱི་ཁམས་གསེར་མདོག་ཅན་དུ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་ཆ་ལུགས་འཛིན་པར་འགྱུར་ཏེ། མདོ་སྡེ་ས་བཅུ་པ་ལས། ས་གཉིས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཕལ་ཆེར་གླིང་བཞིའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ་སྙམ་མོ། །དེ་ལྟར་བདག་ཉིད་ཆེན་པོ་དེ་མྱ་ངན་ལས་འདས་ནས་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཟད་པར་གྱུར་ཏེ། སྔོན་མི་རབས་སུ་ལོ་ཉེས་པ་བྱུང་མ་མྱོང་བའི་ཡུལ་ཐམས་ཅད་དུ། སད་དང་སེར་བ་དང༌། རླུང་དང་ཆར་པ་རྣམས་ཀྱིས་ལོ་ཉེས་པར་གྱུར། ནད་ཀྱི་རིགས་སྣ་ཚོགས་པས་སེམས་ཅན་གྱི་རིགས་སྣ་ཚོགས་པ་གཙེས། འཁྲུག་པ་དང༌། མི་ངས་རྣམས་ཀྱིས་འཇིག་རྟེན་མ་རུངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དག་འདས་པ་ན། འདི་ལྟ་བུའི་མི་འདོད་པ་བྱུང་བ་ཆོས་ཉིད་ཡིན་ཏེ། སྔོན་རྒྱལ་པོ་ཟླ་འོད་ཀྱིས་དབུ་བྱིན་པ་ན། འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་མགོ་བོའི་རྒྱན་དུས་གཅིག་ཏུ་ས་ལ་ལྷུང་ཞིང༌། ས་གཡོས་པ་དང༌། སྐར་མདའ་ལྟུང་བ་དང༌། བཀྲ་མི་ཤིས་པ་སྣ་ཚོགས་བྱུང་ནས་མི་ཐམས་ཅད་ཚེའི་དུས་བྱས་ནས་ལྷའི་གནས་སུ་སྐྱེས་སོ་ཞེས་གྲགས་པ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཕལ་ཆེ་བ་ལ་དེ་ལྟར་འབྱུང་བར་གསུངས་ལ། གཞན་ཡང་འཕགས་པ་ཀླུ་སྒྲུབ་འདས་ནས་ལོ་བདུན་མི་ངས་བྱུང་བར་གྲགས་ལ། ཆོས་རྒྱལ་མྱ་ངན་མེད་པ་འདས་པ་ན་མི་ངས་ཆེན་པོ་བྱུང་བ་དང༌། བོད་ཡུལ་འདིར་ཡང་རྒྱལ་པོ་ཁྲི་སྲོང་སྡེ་བཙན་འདས་པ་ན་ལོ་ཉེས་དང་འཁྲུག་ལོང་བྱུང་བ་དང༌། རྒྱལ་པོ་རལ་པ་ཅན་འདས་པ་ན་མི་ངས་ཆེན་པོ་བྱུང་ཞིང་དམ་པའི་ཆོས་