[A:༣༦] བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ། ཐར་པ་འདོད་པ་རྣམས་ཀྱི་འདྲེན་པ། ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན། རིགས་པ་དང་གྲོལ་བའི་སྤོབས་པ་ཐུན་མོང་མ་ཡིན་པ་ལ་མངའ་བརྙེས་པས་སློབ་མའི་ཐེ་ཚོམ་གྱི་དྲ་བ་རྣམ་པར་འདྲེན་པའི་ཡེ་ཤེས་དང༌། ཡེ་ཤེས་ཀྱི་འཇུག་ཡུལ་ཤེས་བྱ་རྣམ་པར་དག་པ་ལ་དབང་འབྱོར་པས། གནས་དང་གནས་མ་ཡིན་པར་སྤྱོད་པ་ལ་བསྙེངས་པ་མི་མངའ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་བྱོན་པས། སྒྲུབ་པ་དང་སུན་འབྱིན་པའི་ཆ་ལ་རྨོངས་པའི་ཐིབ་པོ་བསལ་བ། ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་ལ་མཁས་པས་གདུལ་བྱའི་རྒྱུད་ཡང་དག་པའི་ལམ་ལ་སྦྱོར་བའི་རྩ་ལག་ཆེན་པོར་གྱུར་པའི་དཔལ་ས་སྐྱ་པ་ཆེན་པོ་དེ་ནི། ངེས་པར་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་པར་ཐེ་ཚོམ་མི་ཟ་བར་རང་ཉིད་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་ལ། དམ་པའི་གྲོགས་འགའ་ཞིག་གིས་ཀྱང་གཏན་ཚིགས་དང་བཅས་པས་དེ་ལྟར་ངེས་ཤེས་སྐྱེས་པ་དག་འདུག་མོད་ཀྱིས། འོན་ཀྱང་རེ་ཞིག་སྐྱེ་བོ་ཕལ་མོ་ཆེ་ལ་ཇི་ལྟར་སྣང་བ་དེ་མདོ་ཙམ་ཞིག་བརྗོད་དོ། །དེ་བརྗོད་ན། རྗེ་བཙུན་ཆེན་པོ་འཕགས་པའི་གང་ཟག་ཐམས་ཅད་ལ་གྲགས་པ་ཡོན་ཏན་རིན་པོ་ཆེ་དུ་མའི་རྒྱལ་མཚན་དུ་གྱུར་པའི་བདག་ཉིད་ཆེན་པོ་འདི། ཀླུའི་རྒྱལ་པོའི་ཚུལ་དུ་ཡུམ་ལ་རྨི་ལྟས་སུ་བསྟན་ནས་ལྷུམས་སུ་ཞུགས་སོ། །གནོད་པ་མེད་ཅིང་བདེ་བར་གྱུར་ལ་བཀྲ་ཤིས་པའི་ལྟས་དང༌། བང་མཛོད་འཕེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་མཐུན་པར་བལྟམས་སོ། །ཅུང་ཟད་མནོ་ཤེས་ནས་དབེན་པ་ལ་དགེས་ཤིང་བརྐམ་ཆགས་མེད་ལ་ཡོན་ཏན་གྱི་ཆ་ཁོ་ན་སྒྲུབ་པ་ལ་བརྩོན་པ་བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་ཏུ་གྱུར་ཏེ། དེ་ནས་དགུང་ལོ་བརྒྱད་ལོན་པ་དང་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ཞེས་བྱ་བའི་སྡོམ་བརྩོན་ཆེན་པོ་དེ་ལས་ཚངས་པར་སྤྱོད་པའི་དགེ་བསྙེན་ནོས་