[A:༤༣]བཅས་པ་ཟུག་སྟེ་འདི་ནི་ངོ་མཚར་བ་ཡིན་ནོ། །དེ་ལ་སོགས་པའི་རྣམ་པར་ཐར་པ་ནི་བརྗོད་ཀྱིས་མི་ལང་བའི་ཕྱིར་འདིར་རེ་ཞིག་མ་བརྗོད་དོ། །གཞན་ཡང་བདག་ཉིད་ཆེན་པོ་འདིས་མཚན་ཡང་དག་པར་བརྗོད་པ་ཞལ་ཐོན་དུ་མཛད་པ་ན། ལན་གཉིས་མནལ་ལམ་དུ་བྱུང་བའི་རྗེས་སུ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་སྐྱེ་བ་བདུན་གྱི་བར་དུ་ཡིད་དམ་གྱི་ལྷའོ་ཞེས་མནལ་ལམ་དུ་བྱུང་ནས་སྐྱེ་བ་དྲན་པའི་ཚུལ་འཐད་པ་དང་བཅས་པ་རྨིས་སོ་ཞེས་གསུངས་ཏེ། འདི་ལ་ངེས་པའི་ཤེས་པ་ཁོ་བོ་ཅག་ལ་སྐྱེས་ཏེ། ཅིས་མངོན་ཞེ་ན། མཚན་ཡང་དག་པར་བརྗོད་པ་མ་བཟུང་བར་ཐུགས་ལ་ཤར་ནས་ཞལ་ཐོན་དུ་མཛད་པ་མངོན་སུམ་དུ་མཐོང་བ་དང༌། མཚན་ཡང་དག་པར་བརྗོད་པ་བཏོན་པའི་ཕན་ཡོན་སྐྱེ་བ་དྲན་པ་དང༌། བསྟན་བཅོས་མཐའ་དག་ལ་འཇིགས་པ་མེད་ཅིང་སྨྲ་མཁས་པ་དང༌། ཤེས་ཉན་ཅན་དང༌། ལེ་ལོ་མེད་པ་ལ་སོགས་པ་དང༌། སྔོན་མ་ཐོས་པའི་བཟོ་དང༌། སྒྱུ་རྩལ་དང༌། གཞན་ཡང་མངོན་པར་ཤེས་པའི་ཤེས་པ་ཐམས་ཅད་དོན་དང་ཡི་གེའི་སྒོ་ནས་ཤེས་པ་དང༌། ཚུལ་ཁྲིམས་དང་འཚོ་བ་ཡོངས་སུ་དག་པ་ལ་སོགས་པའི་ཕན་ཡོན་ཇི་ལྟར་བཤད་པ་རྣམས་འདུག་པ་མཐོང་བ་དང༌། གཞན་ཡང་ངེས་པའི་ཤེས་པ་ཁྱད་པར་ཅན་འགའ་ཞིག་སྐྱེས་མོད་ཀྱིས་འདིར་མ་སྨྲས་སོ། །གཞན་ཡང་བྱང་ཕྱོགས་ན་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་མདོག་ཅན་ཞེས་བྱ་བར་དེ་བཞིན་གཤེགས་པ་གསེར་འོད་རྣམ་པར་རྩེན་བའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བའི་སྦྱིན་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མཐའ་ཡས་ཞེས་བྱ་བར་འབྱུང་བར་འགྱུར་ལ། བདག་གི་བླ་མ་ཆོས་ཀྱི་རྗེ་ཆེན་པོ་འདི་དེའི་སྲས་གླིང་བཞི་སུམ་ཅུ་རྩ་གསུམ་གྱི་ཕྱེད་དང་བཅས་པ་ལ་དབང་མཛད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་ཞེས་བྱ་བར་འགྱུར་