[A:༥༠བ]ཡིན། །ཞེས་སོགས་ཀྱིས་ནམ་གྲུའི་རིགས་དང་ཆོ་འབྲངས་ལ་བསྟོད་པས་དགའ་ཞིང་དབང་དུ་བྱས་ཏེ། དཔལ་ཀུན་འབྱུང་བའི་དཀྱིལ་འཁོར་ཆེན་པོར་བཅུག་ཅིང་དབང་བསྐུར་ནས་བསྟན་པའི་སྲུང་མར་བསྐོས་པར་བཤད་དོ། །སྟོན་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའི་ཚེ། ལྷ་མོ་ནག་མོས་རང་གི་རིག་པ་ཕུལ་ཞིང་། སྟོན་པས་གཟུངས་དང་ཕན་ཡོན་གསུངས་པ་ལྷ་མོ་ནག་མོའི་གཟུངས་ཞེས་བྱ་བ་དང་། སྟོན་པ་བྱ་རྒོད་སྤུངས་པའི་རི་ལ་བཞུགས་པའི་ཚེ། ལྷ་མོ་ནག་མོ་དྲུང་དུ་འོངས་པ་དང་། བྱང་སེམས་སེང་གེ་བརྩོན་འགྲུས་ཀྱིས་མིང་གི་རྣམ་གྲངས་ཞུས་པས། སྟོན་པས་ལྷ་མོའི་མཚན་བརྒྱ་རྩ་བརྒྱད་ཕན་ཡོན་དང་བཅས་པ་གསུངས་པ། ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ་རྣམས་ཀྱིས་ཀྱང་བསྟན་པ་ཡིན་ཞིང་། གཞན་ཡང་བླ་མེད་ཀྱི་རྒྱུད་རྡོ་རྗེ་མཁའ་འགྲོ། བདེ་མཆོག་རྩ་རྒྱུད། ཀྱེ་རྡོར་བརྟག་གཉིས། སམྦུ་ཊའི་རྒྱུད་སོགས་ལས་ཡུལ་ཉེར་བཞི་དང་། གནས་སོ་གཉིས་