[A:༥༨ན]སྙམ་དུ་དགོངས་པའི་ཚེ། ནམ་མཁའ་ལས་སྒྲ་བྱུང་ནས་དུར་ཁྲོད་བསིལ་བའི་ཚལ་ནས་སློབ་དཔོན་དྷ་ན་སངྐྲི་ཏ་གདན་དྲོངས་ལ་རྡོ་རྗེ་ཕུར་པའི་སྒྲུབ་པ་ཞག་བདུན་གྱིས་ཤིག དེས་བར་ཆད་ཐམས་ཅད་ཐུལ་ནས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པ་གྲགས་པ་ན། སློབ་དཔོན་པདྨས་རང་གི་ཉེ་འཁོར་གཉིས་གསེར་གྱི་ཕྱག་རྟེན་དང་བཅས་པཎ་ཆེན་དྷ་ན་སངྐྲི་ཏའི་དྲུང་དུ་སྤྱན་འདྲེན་གྱི་ཕོ་ཉ་མངགས་པས་པཎ་ཆེན་གྱི་ཞལ་ནས། ང་ཡོང་མི་དགོས། སྔར་ནམ་མཁའ་ནས་ལུང་བསྟན་པ་བཞིན་གྱིས་ཤིག་གསུངས་ཏེ། བི་ཏོ་ཏ་མ་ལའི་ནང་ནས་དྲེགས་པ་ཅན་གནད་ལ་དབབ་པའི་རྒྱུད་མི་ཁུར་གཉིས་བསྐུར་ནས་བརྫངས། དེ་ནས་སློབ་དཔོན་ཆེན་པོས་པཎྜི་ཏའི་བཀའ་བཞིན་རྡོ་རྗེ་ཕུར་པའི་སྒྲུབ་པ་ཞག་བདུན་མཛད་པས་སྔར་གྱི་བར་ཆད་ཀྱི་མཚན་མ་ཐམས་ཅད་རང་ཞིར་གྱུར་ཏེ། ཡང་དག་ལྷ་དགུའི་ཞལ་གཟིགས་ཤིང་དངོས་གྲུབ་ཐམས་ཅད་སྩལ་ཏེ། དེ་ཕྱིན་ཆད་ལ་སློབ་དཔོན་