[A:༧༥བ]སྤྱན་དྲངས་པ་སོགས་བརྒྱུད་པ་མི་འདྲ་བ་ཇི་སྙེད་ཅིག་བྱུང་བར་སྣང་ངོ་། །དེ་རྣམས་ཀྱི་ནང་ནས་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་མལ་ལོ་ཙཱ་བ་ལ་བརྒྱུད་པའི་བཤད་སྲོལ་འདི་ཉིད་མཆོག་ཏུ་གྱུར་པའི་ཟབ་ཅིང་རྒྱ་ཆེ་བ་ཡིན་པས། དེ་ཉིད་རྒྱས་པར་འོག་ཏུ་འཆད། གཞན་རྣམས་ཕལ་ཆེར་ནི་ཕོ་རྐྱང་དཔའ་བོ་གཅིག་ཏུ་བསྒྲུབ་པ་དང་། མོ་རྐྱང་དུ་བསྒྲུབ་པ། རྗེས་གནང་དང་སྒྲུབ་ཐབས་ཟུང་འབྲེལ། ལས་ཚོགས་ཐོར་བུ་ཙམ་ལས་མི་སྣང་། གྱི་ལྗང་ལོ་ཙཱ་བ་ནས་བརྒྱུད་པའི་བཤད་སྲོལ་འདི་ཆ་ཚང་བར་སྣང་སྟེ། དེ་ཡང་འབྲོག་མི་ལོ་ཙཱ་བའི་གཞུང་རྫོགས་པའི་སློབ་མ་གྱི་ལྗང་དབུ་དཀར་ཞེས་བྱ་བ་དེས་རྒྱ་གར་དུ་བྱོན་ནས་བྲམ་ཟེ་མཆོག་སྲེད་ཀྱི་བརྒྱུད་འཛིན་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ལ་ལི་ཏ་བཛྲ་ཞེས་བྱ་བ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཆེན་པོ་གཅིག་དུས་རྒྱུན་དུ་དུར་ཁྲོད་ཆེན་པོ་ཞིག་ཏུ་ཏིང་ངེ་འཛིན་སྒོམ་ཞིང་བཞུགས་པས། མཚན་ཡང་དུར་ཁྲོད་ནག་པོ་རོ་འཛིན་ཞེས་གྲགས་པ་ཞིག་དང་མཇལ་