[A:༨༣བ]གཟིམ་བཞུགས་པས། མནལ་དུ་སོང་བའི་རྨི་ལམ་དུ། བུད་མེད་ཤ་རྩི་དམར་བ་རིན་པོ་ཆེའི་ཅོད་པཎ་དང་དོ་ཤལ་དར་དཔྱང་གིས་བརྒྱན་པ། ལག་པ་གཡས་ན་ཌཱ་མ་རུ་འཁྲོལ་བ། གཡོན་ན་མེ་ཏོག་སྤར་གང་ཐོགས་པ་ཞིག་མདུན་དུ་འོངས་ནས་འདི་སྐད་ཅེས་ཟེར་རོ། །སྲིན་པོའི་ཁ་ཆུས་རང་ལུས་བཅིངས་པ་ལྟར། །ཡུལ་ལ་ཞེན་པ་བདུད་ཀྱི་རྒྱ་རུ་ཆུད། །དེ་འདྲ་ཐར་པར་འདོད་པའི་མི་སུ་དག །བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན་ནས་ཀྱང་། །རྒྱ་གར་ཤར་ནུབ་ཆུ་བཞིན་ཉུལ་ནས་ནི། །དམ་ཆོས་རྒྱ་མཚོ་བོད་དུ་བསྒྱུར་ན་བདེ། །ཞེས་པའི་སྒྲ་བསྒྲགས་ཏེ་མི་སྣང་བར་གྱུར་ཏོ། །དེར་མནལ་སད་པ་དང་ལུས་ཐམས་ཅད་རྔུལ་ནས་ཆུར་ཞུགས་པ་ལྟར་སོང་། ཐུགས་ཀྱང་ཆད་ཆོད་འཕྱོ་ཞིང་སྙམ་བྱེད་ཅིང་རང་གི་ཁྱིམ་དུ་བཞུད་དོ། །དེ་ནས་ཐུགས་དགོངས་ལ་བདག་ལ་མཁའ་འགྲོ་མས་ལུང་བསྟན་པར་འདུག་པས། ཁ་ཆེ་དང་རྒྱ་གར་དུ་མ་ཕྱིན་ན་སྲོག་གི་བར་ཆད་དུ་འགྲོ་ཉེན་ཡོད། ཕྱིན