[A:༨༦ན]བསྟན་འདི་འདྲ་འདེབས་པའི་ཆེད་དུ་ཡིན་བརྡའ་མཛད་པས། རྒན་མོ་དགའ་ཞིང་སྐྲའི་རྩེ་མོ་ནས་དུམ་གཅིག་བཅད་ནས་ཕུལ། ཕྱག་འཚལ་ཏེ་ལྕེ་བསྟན་ནས་འདི་ཆད་ནས་མེད་ཅེས་ལྐུགས་པའི་བརྡའ་བྱས་ཏེ་མཆི་མ་ཕྱུང་ནས་སོང་། དེ་ནས་ལོ་ཙཱ་བའང་སྙིང་སྐྱོ་ནས་སྤྱན་ཆབ་ཕྱུང་། ཕྱིས་ཁ་ཆེའི་རྒན་མོའི་དོན་དུ་སྐྲ་དུམ་བསྲེགས་པའི་ཐལ་བ་ལ་མཆོད་རྟེན་བརྒྱ་རྩ་མང་པོ་བཏབ་གསུངས་སོ། །དེ་ནས་ཉིན་ཕྱེད་ཙམ་ན་ཁ་ཆེའི་ཡུལ་སྣ་ཟིན་ནས་བྲམ་ཟེའི་གྲོང་ཞིག་ཏུ་སླེབས་ཏེ་དེར་ཟླ་བ་གཅིག་ཙམ་བཞུགས། དེ་འཕྲལ་སྐད་ཨེན་ཙམ་བསླབས། དེ་ནས་ཞག་གཅིག་གི་ལམ་དུ་བྱོན་པས་ཤིང་དྲུང་གཅིག་ན་རྣལ་འབྱོར་པ་གཅེར་བུ་མི་རྐང་གི་གླིང་བུ་འབུད་པ་ཞིག་དང་འཕྲད། རྣལ་འབྱོར་པ་དེས་དབུ་ལ་གླིང་བུ་ལན་གསུམ་བསྐོར་ཏེ་བུས་ནས་ནགས་གསེབ་ཏུ་གར་གཤེགས་ཆ་མེད་དུ་སོང་། ཕྱིས་བརྟགས་པས་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་རཏྣ་སིདྡྷི་སྟེ།