[A:༩༥བ]བཞུགས་ངེས་པ་ཅན་དུ་གྲག་གོ །ལོ་ཙཱ་བ་ཆེན་པོ་འདིའི་ལོ་རྒྱུས་ཐོར་བུ་བ་ཡོངས་སུ་གྲགས་པ་རྣམས་དང་མི་མཐུན་པ་འགའ་སྣང་ཡང་། འདིར་ནི་ལོ་ཆེན་དེ་ཉིད་ཀྱི་ཞལ་སློབ་གུ་གེ་ཁྲི་ཐང་བ་ཛྙཱ་ན་ཤྲཱིས་མཛད་པའི་རྣམ་ཐར་ཚད་མར་བྱས་ནས་བྲིས་པ་ཡིན་པས་ཡིད་ཆེས་པའི་གནས་སུ་གཟུང་དུ་རུང་བ་ཡིན་ནོ། །དེ་ལྟ་བུའི་ལོ་ཙཱ་བ་ཆེན་པོ་དེས་ཁ་ཆེར་ཕྱི་མ་བྱོན་པའི་ཚེ། མངའ་རིས་སྟོད་ཀྱི་རྒྱལ་པོ། འཇམ་དཔལ་རྩ་བའི་རྒྱུད་ལས། གངས་རི་ཅན་གྱི་རྒྱལ་ཁམས་ན། །རིགས་ནི་རྒྱལ་རིགས་ཞེས་བྱ་བ། །ཡེ་ཤེས་འོད་ཅེས་བྱ་བ་འབྱུང་། །ཞེས་ལུང་བསྟན་པའི་ལྷ་བླ་མ་ཡེ་ཤེས་འོད་དང་། དེའི་དབོན་པོ་ལྷ་བཙུན་བྱང་ཆུབ་འོད་དེ་ལྷ་བཙུན་ཁུ་དབོན་དུ་གྲགས་པས། བསྟན་སྲུང་ཁྱད་པར་ཅན་ཞིག་ཀྱང་སྤྱན་དྲོངས་ཞེས་བཀའ་གནང་བ་ལ་བརྟེན་ནས། བོད་ལ་འབྱོན་ཁར་ཇོ་བོ་ཤྲདྡྷའི་དྲུང་དུ་ཆོས་སྐྱོང་ཁྱད་པར་ཅན་གནང་དགོས་ཞུས་པས། ཁྱོད་རང་རྡོ་རྗེ་གདན་གྱི་བྱང་སྒོའི་