[A:༡༦༥བ]བརྒྱུད་ནས་སྐྱེ་བ་བཞེས་ཏེ་འགྲོ་བའི་དོན་མཛད་པ་དྲན་ཞིང་། ཡུམ་ལས་བལྟམས་མ་ཐག་སཾ་སྐྲྀ་ཏའི་སྐད་གསུངས་པ་དང་། བདག་ནི་བྱིས་པའི་སྤྱོད་པ་ལས་འདས་སོ་ཞེས་ལན་གཉིས་སུ་སྦྲེལ་ནས་གསུངས་ཤིང་། དུས་ཀུན་ཏུ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པས་ཐམས་ཅད་ཡ་མཚན་དུ་གྱུར་ཏོ། དགུང་ལོ་གསུམ་བཞེས་པའི་ཚེ། རྗེ་བཙུན་འཇམ་པའི་དབྱངས། དཔལ་ཀྱཻ་རྡོ་རྗེ། རྗེ་བཙུན་མི་གཡོ་བ་རྣམས་ཀྱིས་ཞལ་དངོས་སུ་གཟིགས་ཤིང་། རྒྱུད་གསུམ། བདེ་མཆོག་རྩ་རྒྱུད་ཀུན་ལས་བཏུས་དང་ལྔ་ཐུགས་ལ་གསུངས་སོ། །གཉིས་པ་ཉེར་བདུན་པ་ཡན་ཆད་ཀྱི་རྣམ་པར་ཐར་པ་ནི། བླ་ཆེན་འདོད་ལྷ་ཀུན་ལ་ཆོས་རྣམས་ནོད། །དབུས་གཙང་མཁས་རྣམས་བསྟེན་ནས་སྦྱངས་ཚུལ་བསྟན། །བསྟན་པའི་སྲོག་ཤིང་ཆེན་པོར་རྩ་བདུན་ལ། །འཛམ་གླིང་ཡོངས་སུ་གྲགས་པ་ཁྱོད་ལ་འདུད། །ཅེས་པ་སྟེ། ཐོག་མར་ཡབ་ལ་རྡོ་རྗེ་ཐེག་པས་བསྡུས་པའི་རྒྱུད་འགྲེལ། སྒྲུབ་དཀྱིལ། དབང་བྱིན་རླབས།