[A:༡༧༠ན]བསྟན་ཟིན་ཏོ། །གཉིས་པ་དོན་བསྡུ་བའི་སྒོ་ནས་བསྡུས་ཏེ་སྟོན་པ་ནི། ཡང་སྨྲས་པ། ཚངས་པར་སྤྱོད་པའི་དགེ་བསྙེན་ཚུལ་འཛིན་ཞིང་། །བསོད་ནམས་དཔག་མེད་ལྡན་པའི་དབང་ཕྱུག་གིས། །ཤེས་བྱ་མ་ལུས་གཟིགས་པའི་རྩེ་མོར་ཕྱིན། །བླ་ཆེན་སྨྲ་བའི་དཔལ་ལ་ཕྱག་འཚལ་ལོ། །ཞེས་པ་ལ། སྐུ་གཞོན་ནུའི་དུས་ཉིད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཟླ་བ་རྒྱལ་མཚན་ལ་ཚངས་སྤྱོད་ཀྱི་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ། རབ་ཏུ་བྱུང་བ་ལས་ཀྱང་བཙུན་པར་མཛད་པ་ཡིན་ནོ། །གཡོ་མེད་ཕྱག་རྒྱ་ཆེ་ལ་རོལ་བའི་ཐུགས། །མདོ་རྒྱུད་མན་ངག་ཆར་རྒྱུན་མི་འཆད་གསུངས། །འཛུམ་མཛེས་མདངས་གསལ་ལྡན་པའི་སྐུ་མངའ་བ། །འགྲོ་བའི་སྐྱབས་གཅིག་བླ་མའི་ཞབས་ལ་འདུད། །རྒྱ་ཆེན་ཆོས་ཀྱི་སྒོ་རྣམས་མཁྱེན་པའི་མཐུས། །ཤེས་ལྡན་སློབ་མའི་སྒོ་གསུམ་ཚིམ་པར་མཛད། །མཁས་པས་མཁས་པ་རྩོད་པར་མི་བཟོད་ཀྱང་། །དྲེགས་པའི་ཉེས་