[A:༡༧༨ན] བླུན་པོས་གོ་སླ་བའི་བརྩམས་ཆོས་མང་པོས་དངོས་དང་བརྒྱུད་པའི་གདུལ་བྱ་ཐམས་ཅད་མཁས་པའི་གོ་འཕང་ལ་མྱུར་དུ་འགོད་པར་མཛད་དོ། །རྩོད་པ་ནི། སྤྱིར་སྡེ་བདུན་མདོ་དང་བཅས་པའི་དངོས་སྟོབས་ཀྱི་རིགས་པ་མཐའ་དག་ལེགས་པར་ཐུགས་སུ་ཆུད་པས། བོད་རྒན་པོའི་རྟོག་གེ་པ་མཐའ་དག་རང་བློས་སྦྱར་བའི་སྐྱོན་ཅན་དུ་གཟིགས་པས། བོད་སྔ་མའི་གྲུབ་མཐའ་ལ་དགག་པ་ལེགས་པར་མཛད་པ་རྣམས་ཀུན་གྱིས་མི་བཟོད། ཁྱད་པར་དེ་དུས་ཀྱི་འཆད་ཉན་སྨར་ཤོས་གཉལ་ཞིག་འཇམ་པའི་རྡོ་རྗེ་དཔོན་སློབ་ཡིན་པས། ཤིན་ཏུ་མ་བཟོད་ནས་བུ་དགུའི་རིགས་པ་བཟང་ཤོས་འུ་ཡུག་པ་རིག་པའི་སེང་གེ་ཡིན་པ། ཆོས་རྗེ་ལ་རྩོད་དུ་བཏང་ནས། ཆོས་གྲྭར་ཞག་ཤས་བསྡད་ནས་འགལ་དུ་བསྒུགས་པས་མ་རྙེད་ཅིང་། རྩོད་པར་ཅུང་ཟད་ཀྱང་མ་ནུས་ཀྱི་སྟེང་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ་ཞབས་པད་ཡུན་རིང་དུ་བསྟེན་པས་བུ་ཆེན་དུ་གྱུར་པ་ལྟ་བུ་དང་། གཙང་ནགས་ཕུག་པས་འཇམ་དབྱངས་དང་ཞལ་མཇལ་