[A:༢༠༤ན]གསུངས། དེ་ནས་རིང་པོར་མ་ལོན་པར་ས་སྐྱར་བདག་ཆེན་རིན་པོ་ཆེའི་སྤྱན་སྔར་ཕེབས། འཁོར་གསུམ་ཡོངས་དག་གི་འབུལ་བ་མཛད། བསྙེན་རྫོགས་ཀྱི་མཁན་པོ་ཞུས། ཕྱག་ཕྱིའི་མཐིལ་བཞུགས་མཛད། མཉེས་པ་གསུམ་གྱི་སྒོ་ནས་ཞབས་ཏོག་བསྒྲུབས་པས་ཐུགས་ཡིད་གཅིག་ཏུ་འདྲེས། སྤྱིར་ཟབ་ཆོས་མང་པོ་གནང་། ཁྱད་པར་མགོན་པོའི་མན་ངག་སྙན་བརྒྱུད་འདི་རྣམས་གདུང་བརྒྱུད་གཅིག་ལ་སྤེལ་དགོས་རྒྱུ་ཡིན་ནའང་། གོ་ནད་སྣ་ཚོགས་པ་ཞིག་འདུག་པས། དེ་ཁྱེད་རང་གི་བསོད་ནམས་སུ་གདའ། ད་ཁྱེད་རང་ལས་འོས་མི་འདུག་གསུངས་ནས་གཅིག་བརྒྱུད་ཀྱི་ཚུལ་དུ་ཚང་ལ་ཡོངས་སུ་རྫོགས་པ་སྩལ་ནས། མ་འོངས་པ་ན་ངེད་རང་ས་སྐྱ་པའི་གདུང་བརྒྱུད་གཅིག་ལ་ངེས་པར་འཕྲོད་པ་མཛོད་ཅིག་གསུངས་པའི་བཀའ་རྒྱ་དང་བཅས་གནང་། གསང་སྒྲུབ་ཀྱི་ཁྲིད་ཀྱི་དུས་མགོན་པོ་དང་ཡུམ་ཨེ་ཀ་ཛ་ཊིས་ཞལ་གཟིགས་བྱིན་རླབས་ཀྱི་བཀའ་བབ།