[A:༨བ]བའི་བྱད་མ་མགོ་ལ་གསེར་གྱི་དབུ་རྒྱན་གོན་པ་བྱད་མདངས་མེད་ཅིང་ཅུང་ཟད་སེར་བ་ངོ་གནོང་བའི་རྣམ་པས་འདུག་པ་གཟིགས་ཤིང་ལས་མཐར་ཕྱིན་པར་གྲུབ་པ་དང་། ཡང་དུས་ཕྱིས་གལ་ཆེ་བ་གཅིག་གི་དུས་མགོན་པོ་འཁོར་བཅས་ལས་ལ་བསྐུལ་བ་ལས་དེ་མཐར་ཕྱིན་པར་གྲུབ་པའི་ཚེ། གཟིགས་སྣང་ལ་ལུང་པ་ཤིན་ཏུ་ཡངས་པ་ཞིག་གི་དཀྱིལ་ན་ཚུར་མགོན་པོ་ཉིད་མི་དཔོན་ཆེན་པོའི་ཚུལ་བྱས་རྟ་ནག་པོ་ཞིག་ལ་ཆིབས། ཕྱག་གཡས་པས་མདུང་བསྐོར་མཛད་ཅིང་། འདུན་མ་ལེན་ན་འདི་བཞིན་ལེན་པ་ཡིན་གསུངས་ནས་ཞལ་ཕོ་འདོན་པའི་རྣམ་པ་མཛད་ཅིང་འབྱོན་པ་གཟིགས། སྐྱེད་ལྷས་སུ་སྐུ་མཚམས་དམ་པོར་བཞུགས་པའི་སྐབས་ཤིག་ཏུ་འབྱུང་པོ་ཆེན་པོ་གཅིག་དགེ་བཤེས་ཀྱི་ཆས་སུ་བྱས་སྣམ་སྦྱར་བེར་ཐུལ་སོགས་བརྩེགས་མ་མང་རབ་གྱོན། ལག་ཏུ་གཏོར་མ་ཁྱེར་འཁོར་སྟོབས་ཆེ་བ་དང་བཅས་ཁ་འུའི་གཞུང་ལམ་ལ་ཞུགས།