[A:༡༠བ] ཏེ། རྫོང་པ་དངོས་ཀྱིས་འབུལ་མ་ནུས་པར་དྲུང་རྡོར་བ་བརྒྱུད་ནས་ཕུལ། དེ་ཕྱིན་མགོན་པོད་དེ་ཉིད་དིང་སང་གི་བར་གྱི་བུ་ཕྱི་ཡང་ཕྱི་དང་བཅས་པ་རྣམས་ལ་མགོན་པོད་མེ་འབར་མར་གྲགས་པ་འདི་བྱུང་། དེ་ལྟ་བུའི་བདག་ཆེན་གྱི་ཕྱག་དཔེ་དངོས་དེ་དུས་ཕྱིས་རྒྱལ་རྩེ་བའི་ཞལ་ངོ་མཁན་ཆེན་འཕགས་པ་ཚུལ་ཁྲིམས་པའི་ཕྱག་བརྒྱུད་དེ་ཁོ་བོའི་ལག་ཏུ་རྩོལ་མེད་དུ་བྱུང་བ་དེང་སང་དཔལ་ས་སྐྱར་བཞུགས་པ་འདི་ཡིན་ཞིང་། དཔལ་འཁོར་བདེ་ཆེན་དུ་གསུང་ངག་ཟབ་བཤད་གནང་བ་གཅིག་གི་དུས། ཐོ་རངས་ཀ་ཅིག་དཔལ་མགོན་ཆེན་པོ་བྲམ་ཟེའི་གཟུགས་ཀྱིས། མི་འདི་ཁ་བརྡར་དྲགས་འདུག་པས་ན་རུ་འོང་བར་འདུག་གསུངས་པའི་སྣང་བ་ཞིག་བྱུང་བས། དེ་ནུབ་ནས་ཞག་འགའ་ཡར་གྱི་བར་ཁྲག་འཁྲུས་ལ་བརྟེན་པའི་སྐུ་ཁམས་མི་བདེ་བ་བྱུང་པས། མགོན་པོ་ཆོས་ལ་གཅེས་སྤྲས་བྱེད་པའི་འཁུ་ལྡོག་ཏུ་དགོངས་ནས། དེ་ལ་དམིགས་པའི་མཆོད་གཏོར་ཕུལ་།