[A:༢༢ན] ཡོད་དོ་ཅོག་ལ་རྗེ་འདིའི་འཕྲིན་ལས་ཀྱི་རྒྱུན་གྱིས་མ་ཁྱབ་པ་མེད་ཅེས་བདག་གི་བླ་མ་མུས་པ་ཆེན་པོས་ཡང་ཡང་དུ་གསུངས་པ་ནི་དོན་ལ་གནས་པར་མཐོང་ཞིང་། ཡང་སེམས་དཔའ་ཆེན་པོའི་དངོས་སློབ་གྲུབ་ཆེན་དཀོན་མཆོག་བློ་གྲོས་ཉིད་བསམ་གཏན་ཕུག་ཏུ་སྐུ་མཚམས་ལ་བཞུགས་པའི་དུས་ཤིག གཟིམ་མལ་དུ་ཉིན་གུང་གི་ཐུན་ལ་བཞུགས་ཡོད་པའི་མདུན་ན། གོང་གི་སེམས་དཔའ་ཆེན་པོའི་ཐུགས་དམ་རྟེན་མགོན་པོའི་བྲིས་སྐུ་དེ་བཀྲམ་ཡོད་པས། དེའི་ཞབས་འོག་ན་ཡུལ་པའི་གྲོང་པ་གཅིག་གི་བུ་སྤུན་གཉིས་ཀྱི་མགོ་བོ་བཅུག་འདུག་པ་མངོན་སུམ་དུ་གཟིགས། འཁྲུལ་པ་ཡིན་ནམ་ཅི་ཡིན་དགོངས་ནའང་དེ་བཞིན་དུ་འདུག དེ་ནས་ཞག་འགའ་ཡར་ན། མི་ཚང་དེ་པ་ལ་ན་ཚ་ངན་པ་ཞུགས་ཏེ། ཕྲུ་གུ་དེ་གཉིས་དུས་གཅིག་ལ་ཤི་འདུག་པ་རྗེས་སུ་དགོངས་པས། བསྲུང་རིའི་ཁོངས་སུ་རི་དྭགས་རྔོན་པ་འདྲས་ལ་འཇུ་བྱས་ཏེ། ཆོས་སྐྱོང་ལ་མནའ་ཟོས་པའི་འཁུ་ལྡོག་ཏུ་