[A:༢༧ན] བལྟར་བཏང་པས་འབུལ་བསྡུད་པས་བཏང་པ་ཡིན་ཟེར་བའི་བན་དྷེ་སླེའུ་གྱོན་པ་གཉིས་སྒོ་དྲུང་ན་སླེབས་འདུག་པས་ཀུན་ཀྱང་ཡ་མཚན་དུ་གྱུར་ཅིང་། ཆོས་སྐྱོང་ཞལ་བཞི་པས་འབུལ་བསྡུད་པ་རྣམས་ཀྱི་ལམ་གྱི་བར་ཆད་བསལ་བའི་མཚན་མར་ཡིད་ཆེས་པ་དང་། ཡང་རྗེ་ཉིད་དབུས་ཕྱོགས་སུ་ཕེབས་པ་གཅིག་ལ་ཆུ་བོ་ཆེན་པོར་གྲུ་བྱིང་སྟེ། སྐུ་ལ་ཤིན་ཏུ་ཉེན་པ་བྱུང་བ་ན། ཆོས་སྐྱོང་གི་རྣམ་སྤྲུལ་གྱི་བྱ་རོག་ཅིག་གྲུའི་རྟ་མགོ་ཁར་བབས་བྱུང་འཕྲལ། དེའི་ཉེས་པ་ལས་གྲོལ་བ་སོགས་མདོར་ན་ཆོས་སྐྱོང་རྣམས་ཀྱིས་སྐུ་དང་གྲིབ་མའི་ཚུལ་དུ་བཞུགས་ནས་འཕྲིན་ལས་ཐམས་ཅད་འབད་མེད་དུ་བསྒྲུབས་པ་ཞིག་ཡིན་ནོ་ཞེས་ཐོས་ལ། ཨེ་ཝྃ་ཆོས་ལྡན་གྱི་གདན་ས་པ་རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ལ་ཡང་བཀའ་སྡོད་དམ་ཅན་རྣམས་ཤིན་ཏུ་མཆེས་པ་ཡིན་ཏེ། དེ་ཡང་ངོར་གྱི་གསེར་སྐུ་ལྷ་ཁང་དུ་མགོན་པོའི་བསྙེན་པ་མཛད་དུས་དགེ་