[A:༤༣ན] དེ་དག་ཞུ་བའི་བླ་མ་གང་བཟང་དམོད་བོར་ཏེ་ཆོས་སྐྱོང་ལ་གསོལ་བ་བཏབ་དུས་རྨི་ལམ་དུ་ཨ་ཙ་ར་སྔོན་པོ་ཞིག་བྱུང་ནས་ཁྱོད་འདོད་པའི་ཆོས་དེ་བླ་མ་གནམ་ཁའུ་པ་ཕང་ན་ཡོད་པས་དེར་ཞུས་ཟེར་ཆོས་སྡེའི་རྒྱབ་རི་འདི་བསྟན་བྱུང་། དེ་ལ་བལྟས་པས་རྒྱབ་རི་བྱ་རོག་ལྡིང་པ་ལྟ་བུར་མཐོང་ཞིང་། སད་པ་ན་ངེས་པ་བརྟན་པོ་རྙེད་དེ། རྗེ་འདི་ཉིད་ཀྱི་ཞབས་དྲུང་དུ་བྱོན་ནས་ཆོས་སྐྱོང་སྐོར་གྱི་སྒྲུབ་སྐོར་ཆ་ལག་དང་བཅས་པ་མ་ཚང་བ་མེད་པ་གསན་པ་ཡིན་ནོ། །ཡང་རྗེས་སུ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་སྐུའི་སྐྱེ་བ་ཡིན་པར་གསལ་ཏེ། དེ་ཉིད་ཀྱི་བཀའ་ཐ་མར། བདག་འདི་ནས་འཕོས་ཏེ་ཨུ་རྒྱན་གྱི་ཡུལ་དུ་སྐྱེ་བ་གཅིག དེ་ནས་བོད་འདིར་སྐྱེ་བ་བླངས་ཏེ་བསྟན་པའི་བྱ་བ་ལྷག་མ་རྣམས་བགྱིད་ཅེས་སྩལ་པ་དང་། དེ་དང་མཐུན་པར་བསམ་ཡས་སུ་སྐུ་གདུང་ཞུགས་ལ་ཕུལ་དུས་འོད་ཀྱི་གོང་བུ་ཞིག་སྒྲ་དང་བཅས་ཏེ་གོང་དཀར་ཕྱོགས་སུ་སོང་ཟེར་བ་ཆོས་རྗེ་བླ་མ་ཉིད་ཀྱི་རྣམ་ཐར་ན་