[A:༤༩བ] འཇིགས་སུ་རུང་བ་བལྟ་བར་མི་བཟོད་པའི་གཟི་བྱིན་ཅན་ཞིག་མངོན་སུམ་དུ་གཟིགས་པ་ལས། ཐུགས་བདེ་བ་དང་དཔའ་བའི་ཉམས་དང་ལྡན་བཞིན་པའི་ངང་ནས་ཇི་ཞིག་ན་མི་སྣང་བར་གྱུར་པས། དེ་དག་གི་སྐུའི་བཀོད་པ་འཕྲལ་དུ་བྲི་བའི་སླད་དུ་ཞབས་འབྲིང་པ་རྣམས་ལ་རས་གཞི་ཞིག་གི་རྩོལ་བ་བགྱིས་བཀའ་སྩལ་པས། མཚན་མོ་དེ་མ་ཐག་རས་གཞི་ཆུང་ངུ་ཙམ་ལས་མ་རྙེད་པས། རྗེ་ཉིད་ཀྱིས་དེ་ཀ་ལ་སྐུ་དབྱིབས་ཇི་ལྟ་བའི་སྐྱ་རིས་གནང་། ནངས་པར་ནས་རིག་བྱེད་མཁྱེན་བརྩེ་བས་ཚོན་རིས་རྫོགས་པར་མཛད་ཅིང་། ཤིན་ཏུ་གཅེས་སྤྲས་ཀྱི་ངང་ནས་མཆོད་གཏོར་གྱི་དབུས་སུ་ཡུན་དུ་བཞུགས་པ་ལས། ནམ་ཞིག་ལ་ཉེ་གནས་ཆེན་མོ་བརྒྱ་བྱིན་པ་སྐུ་ཁམས་མ་བདེ་བའི་དུས། བྲིས་སྐུ་འདིའི་སྟེང་ནས་རྗེས་གནང་ཚར་འགའ་གནང་། རེ་ཞིག་སྔས་སྲུང་གི་ཚུལ་དུ་བཞུགས་པ་ལས། དུས་ཕྱིས་ཀྱང་ཁོང་པའི་སྒེར་གཞིས་རྣམ་རྒྱལ་རབ་བརྟན་ན་རྟེན་གསུམ་ཀུན་གྱི་