[A:༥༣བ] རེས་འགའ་ཨ་ཙ་ར་གཞུང་མའི་རྣམ་པར་ཡང་སྟོན་གྱི་འདུག་གསུངས། ལན་གཅིག་ན་ལེནྡྲའི་གཟིམ་ཁང་གི་བློས་བསླངས་སྟེང་དུ་སློབ་མ་ཉུང་ཤས་ཤིག་ལ་གུར་མགོན་གྱི་རྗེས་གནང་གནང་དུས། མདུན་གྱི་ནམ་མཁར་སྤྲིན་ནག་གི་ཁྲོད་ན་མགོན་པོ་ལྷ་བརྒྱད་འཁོར་བཅས་མེ་ཕུང་འབར་བ་དང་བཅས་པ་མངོན་སུམ་དུ་གཟིགས། ཤབ་སྟོད་དུ་གཏོར་སྒྲུབ་ཅིག་མཛད་པའི་གྲལ་དུ་སྤྱན་འདྲེན་གྱི་དུས་རྗེ་ཉིད་ཀྱིས་རྡོ་རྗེ་དྲིལ་བུ་དྲག་ཏུ་གསོར་དཀྲོལ་མཛད་ཅིང་། ཐུགས་ཡེངས་པ་ལྟ་བུའི་ངང་ནས་སྐུ་མདུན་གྱི་ལྕོག་ཙེའི་ཐད་ཀྱི་བར་སྣང་དུ་རྡོ་རྗེ་དྲིལ་བུ་བཞག་པས། རེ་ཞིག་དེ་ཀར་ཆགས་བྱུང་པ་ལ། སྐུའི་ཁྲིས་ན་ཡོད་པ་དེས་གྲུབ་རྟགས་གནང་བྱུང་ལགས་ཞུས་པས། སླར་ཕྱག་གིས་བླངས་ཏེ་གང་བྱུང་བ་གསུང་ཟེར་བའང་ཐོས། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་འཕན་ཡུལ་དཔལ་ལྡན་རྩེ་ན་བཞུགས་པའི་དུས། ས་སྐྱར་ཅི་རིགས་ཀྱི་ཞབས་འདྲེན་གྱི་བཅའ་བསྒྲིགས་སོགས་མང་དག་བྱུང་བ་ལ་བརྟེན།