[A:༥༤བ] ཀུན་སྤངས་པ་ཕེབས་ཡོད་འདུག་པས། ད་ལྟ་གདན་དྲོངས་ཤོག་གསུང་གིན་འདུག་ཟེར། དེར་བྱོན་པས་མཁྱེན་རབ་ཆོས་རྗེའི་ཞལ་ཏ་ལ། ད་རངས་ཐོ་རངས་བདག་ཆེན་རིན་པོ་ཆེ་སྔས་མགོར་བྱོན་ནས། ཆོས་རྗེ་ཀུན་སྤངས་པ་ས་སྐྱར་བརྫངས་ནས་འདིར་འབྱོན་པ་ཡོད་པས་མཇལ་ག་ཐོངས་གསུང་བ་བྱུང་། ད་རངས་ལས་མཁན་རྣམས་དང་། བྱ་ནག གཡག་ནག ཁྱི་ནག་སོགས་བསམ་གྱིས་མི་ཁྱབ་པ་དཔལ་ལྡན་རྩེ་ནས་སྒོ་ལ་མི་ཤོངས་པ་ཙམ་སོང་། བདག་ཆེན་རིན་པོ་ཆེའི་སྐུ་དོན་གལ་ཆེན་རང་ཞིག་ཡོད་པ་འདྲ། གང་ལྟར་ངེད་ཀྱིས་ལམ་གྱི་བར་ཆད་སེལ་བ་ལ་གཟུངས་གྲྭ་ལྔའི་དབང་བསྐུར་ཞིག་བྱེད་ཐུགས་དམ་ད་ཅི་ནས་ཚར་གསུངས་ནས་གནང་བས། རྗེ་ཡབ་སྲས་གཉིས་ཀ་ལ་མི་ཕྱེད་པའི་དད་པ་འཁྲུངས་ཤིང་སྤྱན་ཆབ་མང་པོ་ལྷུག་པར་ཤོར། དེ་ནས་རིམ་གྱིས་བརྒྱུད་ནས་ཕེབས་པའི་ལམ་བར་རྣམས་སུ་སྤྱན་ཟུར་ལ་ཆིབས་ཀྱི་སྔ་ཤ་ལ་བྱིས་པའི་མགོ་གཅིག་ཕྲུལ་ཕྲུལ་ཡོང་། ཆེད་དུ་གཟིགས་པ་ན་མེད་འགྲོ་བ་དང་།