[A:༧༨ན] མཛད་པའི་ཆ་ཤས་དེ་དག་རེ་རེའི་ཕྱག་རྗེས་ལ་བསམས་ཀྱང་། དེ་ཁོ་ན་སྐུ་ཚེ་རིལ་པོར་མཛད་པ་ལྟ་བུའི་སོ་སོ་སྐྱེ་བོའི་བློའི་ཡུལ་ལས་འདས་པའི་ངོ་མཚར་བའི་རྣམ་པར་ཐར་པ་མཐའ་ཡས་པ་ཞིག་མངའ་བ་མངོན་སུམ་དུ་མཐོང་ཞིང་གྲུབ་པ་འདི་ཡིན་པས། དེ་དག་གི་ཚུལ་རྒྱས་པར་ཤེས་པར་འདོད་ན། ཁོ་བོས་བྱས་པའི་སྔགས་འཆང་ཉིད་ཀྱི་རྣམ་ཐར་ངོ་མཚར་རྒྱ་མཚོ་སོགས་སུ་བལྟ་བར་བྱ་ཞིང་། འདིར་ནི་བསྟན་སྲུང་དབང་པོ་རྣམས་བྲན་དུ་འཁོལ་བའི་ཚུལ་སོགས་གཙོ་བོར་སྨོས་པ་མདོ་ཙམ་ཞིག་བསྙད་ན། སྐྱེས་ཆེན་འདི་ཉིད་སྐུ་ཕྲ་མོའི་དུས་ཀྱང་མཁས་པ་རྣམས་ཀྱི་ཡིད་འཕྲོག་ཅིང་དད་པ་དབང་མེད་དུ་སྐྱེ་བའི་མཛད་པ་རྨད་དུ་བྱུང་བ་དུ་མ་ཞིག་མངའ་བ་ཡིན་ཏེ། དཔེར་མཚོན་ན། ཚར་ཆེན་ཆོས་ཀྱི་རྒྱལ་པོས། སྔགས་འཆང་བླ་མ་འདི་ཉིད་དང་མཇལ་བས་མི་ཕྱེད་པའི་དད་པ་ཐོབ་པའི་ཚུལ་ནི། ཆོས་རྗེ་ཚར་པ་དེ་ཉིད་ཀྱིས་ལྕོག་གྲྭ་མཛད་ནས་དབུས་ཕྱོགས་ལ་ཕེབས་པའི་