[A:༡༠༨བ]འབྲོག་རིས་ཐམས་ཅད་རིམས་ནད་ཀྱིས་གཏན་བརླག་ཏུ་སོང་བ་ཡིན་ནོ་ཞེས་ཐོས་ལ། མདོར་ན་བདག་ཉིད་ཆེན་པོ་འདི་ཉིད་ལ་བསམ་སྦྱོར་ངན་པར་བྱས་པའི་དཔོན་རིགས་ཆེ་ཕྲ་སོགས་བདུད་ཀྱི་རིགས་དེ་ཐམས་ཅད་ལ་ལ་རྩ་བ་ནས་སྟོང་པ་དང་། ཁ་ཅིག་སྟོབས་ཤེད་ཉམས་པ་སོགས་རྟགས་དང་མཚན་མས་ཀུན་ལ་ཁྱབ་སྟེ། རང་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་རང་ཐོག་ཏུ་སྨིན་ཏེ་སྣང་ཚུལ་འདི་བཞིན་དུ་གྱུར་པ་རྒྱལ་ཁམས་ཀྱི་སྐྱེ་བོ་ཡོངས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྲུབ་པ་འདི་ཉིད་དོ། །དེ་ལྟར་སངས་རྒྱས་བསྟན་པ་ལ་གནོད་པར་བྱེད་པའི་གདུག་པ་ཅན་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་ཚར་གཅོད་པར་མཛད་པ་འདི་དག་ནི་གཞན་ལས་ཆེས་རྨད་དུ་བྱུང་བའི་རྣམ་པར་ཐར་བ་སྟེ། ཇི་སྐད་དུ་རྩ་རྒྱུད་བརྟག་པ་གཉིས་པ་ལས། བསྟན་ལ་གནོད་པར་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་ཉིད། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་གསད་པར་བྱ་བ་ཉིད། །ཅེས་གསུངས་ཤིང་རྡོ་རྗེ་གུར་