[A:༡༡༧བ]རྡོ་རྗེའི་གཞི་བསྙེན་མཛད་པའི་རྗེས་དེ་མ་ཐག་པར་གུར་གྱི་མགོན་པོའི་སྒོམ་བཟླས་ཞག་བདུན་པ་ཞིག་མཛད་པའི་ཐོ་རངས་ཀྱི་ཆ་མནལ་ལམ་དུ། ས་སྐྱའི་རྒྱབ་རི་དཔོན་པོ་རི་ནས་གདོང་ནག་གི་བར་གྱི་ནམ་མཁའ་ལ་སྤྲིན་ནག་གྲུ་གསུམ་འཁྲིགས་པའི་དབུས་སུ་གུར་གྱི་མགོན་པོ་ཉིད་ཕྱག་གཉིས་ཀྱི་གྲི་ཐོད་ཉུ་གེ་བ་དང་། དེའི་སྟེང་གི་ཕྱོགས་སུ་ཁྱུང་ཆེན་གསུམ། གཡས་སུ་བྱ་ནག་གསུམ། གཡོན་ཕྱོགས་སུ་ཁྱི་ནག་གསུམ། རྒྱབ་ཕྱོགས་སུ་ལྕེ་སྤྱང་གསུམ། མདུན་ཕྱོགས་སུ་མི་ནག་གསུམ་རྣམས་ཤིན་ཏུ་གསལ་བ་དང་། སྤྲིན་ནག་གི་གསེབ་ན་མེ་རིས་ཤིན་ཏུ་ལེགས་པ་བཟོ་རིས་པ་མཁས་པ་སུས་ཀྱང་བསྐྲུན་པར་མི་ནུས་པ་ལྟ་བུ་འུར་སྒྲ་དང་བཅས་འབར་བ་ཡུན་རིང་དུ་གཟིགས་ཤིང་། དེའི་ངང་ནས་གུར་གྱི་མགོན་པོའི་སྐུ་ཡོངས་རྫོགས་ཇེ་གསལ་ཇེ་གསལ་འགྲོ་བ་ཞིག་འདུག་པ་ལ། ཞབས་འབྲིང་པ་ཞིག་གིས་མནལ་སད་བྱུང་པས་ཤིན་ཏུ་ཕངས་པ་ཞིག་བྱུང་གསུངས་ཤིང་།