[A:༡༤༡ན]འཛིན་ལ། །སྟག་ལུང་ཐང་པ་ཞེས་གྲགས་དེ་དག་ཀྱང་། །ས་སྐྱ་པ་ཡི་སློབ་མར་བསྙོན་མེད་དུ། །གྲུབ་ཅིང་ཕག་གྲུའི་སྐུ་ཚེའི་མཇུག་ཙམ་གྱི། །ཐུགས་སྲས་སྐྱུ་ར་རིན་ཆེན་དཔལ་ཞེས་པས། །འབྲི་ཁུང་ཐེལ་བཏབ་འབྲི་ཁུང་པ་ཞེས་པའི། །སྲོལ་ཆེན་གཅིག་ཏུ་གྲགས་ཤིང་འདི་ཀུན་ཀྱང་། །དཔལ་ལྡན་ས་སྐྱ་པ་ཡིས་རྗེ་འཇུག་ཏུ། །ངེས་པ་ཡིན་ལ་དུས་གསུམ་མཁྱེན་པའམ། །སྤྲེའུ་ཆོས་ཀྱི་གྲགས་པ་ཞེས་ཀྱང་བྱ། །ཁམས་པ་དབུ་སེ་ཞེས་པའི་མཚན་གསུམ་དང་། །ལྡན་པའི་སྐྱེས་བུ་དེ་ཡིས་ས་ཆེན་གྱི། །དངོས་སློབ་རྒ་ལོ་དང་ནི་ཨ་སེང་ཞབས། །ཤན་པ་རྡོར་སེང་གསུམ་ལས་ལམ་འབྲས་སོགས། །ས་ལུགས་ཆོས་ཀྱི་བདུད་རྩི་མང་གསོལ་ནས། །གང་དེས་སྨར་ཁམས་སྒང་ཞེས་བྱ་བ་རུ། །ཀརྨ་ལྷ་སྡིངས་དགོན་པ་བཏབ་པ་ནས། །ཀརྨ་ཀམ་ཚངས་ཞེས་པའི་སྲོལ་ཆེན་པོ། །གཅིག་ཏུ་གྲགས་ཏེ་འདི་དག་ཐམས་ཅད་ཀྱང་། །ས་སྐྱ་པ་ཡི་སློབ་རྒྱུན་ཁོངས་སུ་གཏོགས།