[A:༡༤༢བ]འཛིན་ལ། །བོ་དོང་པ་ཞེས་གྲགས་འདི་བྱུང་བ་ལགས། །དེང་སང་དགེ་ལྡན་པར་གྲགས་སྲོལ་འདི་ཡང་། །ཐོག་མའི་བྱུང་ཚུལ་ཤར་ཕྱོགས་ཙོང་ཁ་པ། །བློ་བཟང་གྲགས་པས་འབྲོག་གི་རི་བོ་ཆེ། །དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས། །དེ་ཡི་གདན་ས་དར་མ་རིན་ཆེན་དང་། །གདན་ས་གཉིས་པ་དགེ་ལེགས་དཔལ་བཟང་སྟེ། །དེ་ལྟར་གསུམ་ལས་སྔ་མ་གཉིས་པོ་ནི། །ས་སྐྱའི་ལས་ཆེན་གཞོན་ནུ་བློ་གྲོས་ཀྱི། །སློབ་མ་རབ་འབྱམས་སྨྲ་བའི་བཤེས་གཉེན་མཆོག །བདུན་གྱི་ནང་ཚན་ཡིན་ཞིང་ཕྱི་མ་ནི། །ཀ་བཅུ་ལེགས་པར་ཤེས་པ་བཅུ་ཕྲག་གཅིག །བྱུང་བའི་ནང་དུ་གཏོགས་པས་འདི་ཀུན་གྱིས། །མདོ་ཕྱོགས་མཐའ་དག་དཔལ་ལྡན་ས་སྐྱ་རུ། །ལེགས་པར་བཏུགས་ཤིང་དེ་བཞིན་སྔགས་ཕྱོགས་ཀྱང་། །འགྲོ་མགོན་རྗེ་དང་དེ་ཡི་ཐུགས་ཀྱི་སྲས། །སྤྱན་སྔ་གྲགས་པ་བྱང་ཆུབ་ལ་སོགས་པ་ལས། །ཐོག་མར་གསུང་ངག་ལམ་འབྲས་ནས་བརྩམས་ཏེ། །ས་སྐྱའི་རྗེ་བཙུན་གདམས་པ་ཕལ་