[A:༡༦༣ན] རྒྱལ་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་འཇམ་པའི་རྡོ་རྗེ། བདག་ཆེན་ངག་གི་དབང་ཕྱུག སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་འཁོན་ཨ་ནནྡ་ལའོ། །འདིའི་སྒྲུབ་སྐོར་བདུད་རྒྱལ་ཐོད་ཕྲེང་ཅན་གྱི་རྒྱུད་མན་ངག་དང་བཅས་པའི་བརྒྱུད་པ་ནི། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ཡན་གོང་དང་འདྲ་བ་ལ། དེ་ནས་བདག་ཆེན་བློ་གྲོས་རྒྱལ་མཚན། ཀུན་སྤངས་ཆོས་ཀྱི་ཉི་མ། རྗེ་བློ་གསལ་རྒྱ་མཚོ། རྗེ་བསྟན་པའི་རྒྱལ་མཚན། རྗེ་དབང་ཕྱུག་རབ་བརྟན། དེའི་དྲུང་དུ་བདག་ཨ་ནནྡས་ཐོས་སོ། །དེ་ལྟར་དབང་དང་རྗེས་གནང་གི་བཀའ་མ་ནུབ་པ་དེ་ཉིད་ཆུ་བོའི་རྒྱུན་དང་འདྲ་བའི་རྒྱུ་མཚན་ནི། ཆུ་བོ་གངྒཱ་དེ་ཉིད་བར་མ་ཆད་དུ་མཐུད་ནས་འབབ་པ་དེ་བཞིན་དུ། ཡ་མཐའ་རྡོ་རྗེ་འཆང་དང་བྲམ་ཟེ་མཆོག་སྲེད་སོགས་ནས། མ་མཐའ་རང་གི་རྩ་བའི་བླ་མའི་བར་དུ་དབང་དང་རྗེས་གནང་གི་བཀའ་ཡོད་ལ་ལྷག་ཆད་མེད་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་ཤིང་འཕྲིན་ལས་ཀྱི་ནུས་མཐུར་ལྡན་པ་ཕྱག་ལེན་ཕྲ་མོ་ཚུན་གྱི་སྲོལ་མ་ཉམས་པ། མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་ཞིག་དགོས་པའི་དོན་ཡིན་པར་གསུངས་སོ། །རྡོ་རྗེ་སློབ་དཔོན་མཆོག་གི་བཀའ་དྲིན་ལས། །རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་དབང་རྗེས་གནང་། །རྡོ་རྗེ་སློབ་མར་བྱིན་པའི་བྱིན་རླབས་ཀྱིས། །རྡོ་རྗེ་འཛིན་པར་སྒྱུར་བྱེད་འདི་ངོ་མཚར། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་གདམ་ངག་གསེར་འགྱུར་གྱི་རྩི་དང་འདྲ་བས་སརྒ་མ་ལོག་པ་ལ་གསུམ་སྟེ། ཕྱི་རྟེན་དང་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ། ནང་རྩ་གསུམ་འཁོར་ལོ་ལ་བརྟེན་ནས་སྒྲུབ་པ། གསང་བ་ཡང་གསང་སེམས་ཀྱི་གནད་ལ་བརྟེན་ནས་སྒྲུབ་པའོ། །དང་པོ་ལ་རྣམ་གྲངས་སྤྱིར་བསྟན་པ་དང་། དེའི་