[A:༡༧༡བ] བྷེ་དན་གྱི་ཡུལ་དུ་མགོན་པོ་ཞལ་གཟིགས་པ་ཡན་ཆོད་དུ་སྦགས་སྒྲུབ་ཀྱི་མིང་ཙམ་ཡང་མེད་པ་ལ། དེའི་ཚེ་མགོན་པོ་རང་གིས་སྦགས་སྒྲུབ་རྣམས་བྱེ་བྲག་ཏུ་གསུངས། བྲམ་ཟེ་མཆོག་སྲེད་ནས་མལ་ལོའི་བར་དུ་ཡི་གེ་མེད་པའི་སྙན་བརྒྱུད་དུ་བྱོན་པས། འདིར་ཡང་སྦགས་སྒྲུབ་རྣམས་ལ་མན་ངག་གི་ལུགས་ཞེས་གདགས་སུ་རུང་བར་བླ་མ་རྣམས་བཞེད་པ་ཡིན་ནོ། །དེ་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། ཡབ་ཡུམ་སྦགས་ཏེ་སྒྲུབ་པ། ལྕམ་སྲིང་སྦགས་ཏེ་བསྒྲུབ་པ། ལྕམ་དྲལ་སྦགས་ཏེ་སྒྲུབ་པ། གཙོ་འཁོར་སྦགས་ཏེ་སྒྲུབ་པ་དང་བཞི། དང་པོ་ནི། འཇིག་རྟེན་པའི་བཟའ་ཚོ་ལྟར་བྱས་ནས་བསྒྲུབ་པ་མགོན་པོ་དང་ལྷ་མོ་གཉིས་སྐུ་ཚད་མཉམ་པའོ། །གཉིས་པ་ནི་ཡུམ་ཆེན་གྱི་ལྟོ་བར་གཉིས་ཀ་བསྐྱེད་ཅིང་སྐུ་ཚད་མཉམ་པའོ། །འདི་ནི་འཇིག་རྟེན་པའི་མིང་སྲིང་དང་གོ་བ་ཅུང་མི་གཅིག་གོ །གནད་འདི་ཉིད་ཐུགས་ལ་བཞག་ནས་ངོར་ཆེན་རྡོ་རྗེ་འཆང་