[A:༡༨༡ན] མཆོད་པ་དང་། གཏོར་མ་རྣམས་བཟང་ཞིང་རྒྱ་ཆེ་བ་རྒྱུན་མ་ཆད་པར་ཕུལ་ནས། མན་ངག་ཉམས་ལེན་ལ་བརྩོན་པར་བྱས་ན་ཆོས་སྐྱོང་རྣམས་མཉེས་ཏེ་ལས་བཞིའི་འཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་ན་དེ་སྐད་ཅེས་བྱའོ། །འདི་ལ་གསུམ་སྟེ། སྔོན་འགྲོ་རྟེན་དང་མཆོད་གཏོར་བཤམས་པ། དངོས་གཞི་བསྙེན་བསྒྲུབ་ལས་གསུམ་གྱི་རིམ་པ། ཞར་བྱུང་ཐོར་བུའི་མན་ངག་བསྟན་པའོ། །དང་པོ་ལ་གསུམ་སྟེ་རྟེན་བཤམས་པ། གཏོར་མ་བཤམས་པ། མཆོད་པ་བཤམས་པའོ། །དང་པོ་ལ་བཞི་སྟེ། ཕྱིའི་རྟེན་དང་། ནང་གི་རྟེན་དང་། གསང་བའི་རྟེན་དང་། དེ་ཁོ་ན་ཉིད་ཀྱི་རྟེན་ནོ། །འདི་དག་ཀྱང་མཁས་གྲུབ་སིངྷ་དྷྭ་ཛས། རུ་མཚོན་རྟ་ནག་གཡག་ནག་དང་། །ལུག་ནག་ཁྱི་ནག་བྱ་ནག་རྣམས། །མན་ངག་བཞིན་དུ་བཅས་པ་ནི། །ཕྱི་རྟེན་ཡིན་གྱིས་འབད་པར་བྱ། །