[A:༡༩༧ན] བསྙེན་ལ། ཡི་དམ་གྱི་བསྙེན་པ་སྔོན་དུ་སོང་ན་རབ། མ་སོང་ཡང་མགོན་པོ་ཡི་དམ་ལྟར་བསྒྲུབ་པ་ཞེས་བྱ་བ་བདག་བསྐྱེད་ལ་བརྟེན་པ་ཉིད་ལ་གཙོ་བོར་ཕྱག་ལེན་མཛད་པས་ན་སྐྱོན་མེད་དེ། རང་ཤ་རང་གིས་མི་ཟ་བའི་དཔེས་འཁུ་ལྡོག་ཀྱང་ཆུང་བ་ཡིན་ནོ། །མགོན་པོ་ཡི་དམ་ལྟར་བསྒྲུབ་པའི་ཁུངས་ཀྱང་ཡོད་དེ། བྱུང་ལུགས་གཏོར་མ་དང་བཅས་པའི་ཁྲིགས་གོང་མས་མཛད་པ་ལས། ཡི་དམ་ལྟར་བསྒྲུབ་པ་དང་། བཀའ་བསྒོའི་ཚུལ་དུ་བསྒྲུབ་པ་གཉིས་ཞེས་དང་། ཡི་དམ་ལྟར་བསྒྲུབ་ན་བདག་མགོན་པོར་བསྐྱེད་པ་ཡིན་གསུངས། ཞེས་གསལ་བར་གསུངས་པས་སོ། །ཆོས་རྒྱུས་ཆུང་པ་ཁ་ཅིག་མགོན་པོ་ལ་བདག་བསྐྱེད་མེད་ཟེར་བ་ཡོད་ཀྱང་། དེ་དག་ནི་ཡིག་རྙིང་རྣམས་ལས་མགོན་པོ་ལ་བདག་བསྐྱེད་མང་དུ་བཤད་པ་དང་། ལས་སྦྱོར་གྱི་སྐབས་སུ་རང་ཉིད་ལྷ་མོ་སོགས་སུ་ཡང་བསྐྱེད་པར་བཤད་པ་དང་།