R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༧ན
[A:༧ན]པ། ། བསླབ་གསུམ་ཡོངས་སུ་རྫོགས་པའི་དེད་དཔོན་ཁྱོད། ། རྣམ་གྲོལ་ཡིད་བཞིན་གླིང་དུ་ཆས་པ་ན། ། སྐལ་བཟང་དོན་མཐུན་ཚོགས་རྣམས་ཅིས་མི་སྤྲོ། ། དེ་དག་ནི་སོ་སོ་ཐར་པ་ཡོངས་སུ་རྫོགས་པ་[C:267]ཐུགས་ཉམས་སུ་བསྟར་བའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ།། །།
ཐོས་བསམ་གྱི་གནས་ལ་འཇུག་པར་མཛད་པའི་གཏམ། ད་ནི་ཐོས་པའི་སྒྲོན་མེས་མ་རིག་པའི་མུན་པ་བསལ་ནས། ཤེས་བྱའི་གནས་མ་ལུས་པ་ཇི་ལྟ་བ་བཞིན༌[B:༡༨] མཁྱེན་པར་མཛད་པའི་ཚུལ་རྣམས་བརྗོད་པར་བྱ་སྟེ། དགུང་ལོ་དྲུག་ལོན་པའི་ཚེ་ཀློག་གི་གྲར་ཞུགས་པ་ན། བརྡ་བསྟན་པ་ཙམ་གྱིས་མཁྱེན་ལ། དེའི་མོད་ལ་ཕྱག་བྲིས་ཀྱང་བཤུར་མའི་ཀ་མད་འདོགས་འབྲེལ་དང་བཅས་པ་ཙམ་བསླབས་པས། འབྲུ་མ་དང༌། ཡིག་སྣ་དང༌། གཟབ་མ་ལ་སོགས་པ་བོད་ཀྱི་ཡིག་རིགས་མ་ལུས་པ་མཁས་པར་མཁྱེན་ཅིང༌། ལཉྩ་ན་དང༌། ཝརྟུ་ལ་དང༌། ངྷ་རི་དང༌། འགའ་ཧུ་ལ་དང༌། ནཱ་ག་རའི་ཡི་གེ་ལ་སོགས་པ་རྒྱ་གར་བའི་ཡིག་རིགས་མི་ཅིགགཅིག་པ་མང་པོ་བྲི་བ་དང་ཀློག་པ་ལ་མཁས་པ་ནི་ཞར་ལས་མཁྱེན་ཏོ། །དེ་ནས་རབ་ཏུ་མ་བྱོན་གྱི་བར་ལོ་ངོ་དྲུག་བདུན་གྱི་རིང་ལ་གྲུབ་ཆེན་ཡོན་ཏན་བཟང་པོ་པ་ལས་ཡབ་ཆོས་གསང་སྔགས་རྙིང་མ་ལ་ཐོས་བསམ་མཛད་དེ། ཞི་ཁྲོ་སྒྱུ་འཕྲུལ་གྱི་དབང་གསན་པ་སྔོན་དུ་འགྲོ་བས་རྒྱུད་གསང་བ་སྙིང་པོ་དང༌། སྒྱུ་འཕྲུལ་གྱི་ཕྱག་ལེན་བྲིས་ཐིག་དབྱངས་དང་བཅས་པ། ཡོངས་རྫོགས་དབང་མོ་ཆེ་སྔོན་དུ་བཏང་ནས། གཏེར་ཁ་འོག་མའི་ཕྱག་ལེན་བླ་རྫོགས་ཐུགས་གསུམ་དང༌། ཡབ་མེས་ཀྱི་ཆོས་སྐྱོང་སྤུ་གྲི་སྐོར་གསུམ་དང༌། དཔེ་སྲོག་རྩང་གསུམ་གྱི་བསྒྲུབ་ཐབས་བཀའི་ལུང་ལས་རིམ་དང་བཅས་པ་ལེགས་པར་མཁྱེན་ཅིང༌། རྡོ་རྗེ་ཆོས་སྐྱོང་བ་རྣམས་སྐུ་ལུས་དང་གྲིབ་མའི་ཚུལ་དུ་