[A:༡༣བ]མཛད་དོ། །དེའི་དུས་ན་ཙཱ་རིའི་གནས་སྒོའི་བསང་གི་དུས་ལྟར་བྱང་བར་མ་གྱུར་པས། གནས་སྐོར་བའང་ཉུང༌[B:༢༩] ངུ་ཙམ་གྱི་བགྲོད་པ་ལས། ཟས་སྐོམ་སོགས་ཉེར་སྤྱད་མང་པོའི་འདུ་ལོང་ལྟ་ག་ལ་ཞིག་སྟེ། མི་ཟས་ལ་སྲེད་པའི་ཐུགས་སྤངས་ནས་ཕལ་ཆེར་དཀའ་ཐུབ་འབའ་ཞིག་མཛད་ཅིང་སྐབས་ལ་ལར་རིལ་བུ་སོགས་བཅུད་ལེན་གྱིས་ཀྱང་འཚོ་བར་མཛད་པ་སྐུ་གསེར་གྱིས་འདུ་བ་མ་སྙོམས་པ་ན། གནས་བསྐོར་བས་དོར་བའི་གཏོར་ཟན་དང་ཚོགས་ལྷག་སོགས་ཀྱིས་སྐུ་ཁམས་གསོས་ཤིང་དབེན་པ་བསྟེན་[C:281]པ་འགའ་ཞིག་གིས་མཐོང་ནས། ཡུམ་ལ་གསོལ་བ་ལས་ཡུམ་གྱིས་ཁོལ་པོ་དག་བསྔགསམངགས་ནས་བཞུགས་གནས་སུ་སྤང་ལེབ་ཀྱི་སྤྱིལ་པོ་བྱས་པ་ནི་དིང་སང་ཀྱང་ཕོ་བྲང་ཆེན་མོའི་ཁའི་སྤང་མོ་འདི་ཀ་ཡིན་པར་གྲགས་ལ། གཡུ་མཚོ་བསྐོར་བར་འདོད་མི་མཐའ་དག་ལ་ཡུམ་གྱིས་ཇི་ཙམ་ཐེག་པའི་རྩམ་པ་སོགས་བསྐུར་ནས་ཕྱེ་དེ་གཡུ་མཚོའི་ཁར་སྤང་སྤྱིལ་ཕུག་པའི་སྒོམ་ཆེན་དེ་ལ་འཕྲོད་པར་གྱིས་ཤིག་པའི་ཟས་སྐོམ་ཙམ་ལ་བརྟེན་ནས་བཞུགས་པས། དབྱར་ཟླ་བ་ཕྱེད་གསུམ་ཙམ་གནས་སྒོ་བྱེ་བའི་སྐབས་སུ་མིའི་ཟས་ཉུང་ངུ་ཙམ་གྱིས་འཚོ་བར་མཛད་ཀྱང༌། གནས་སྒོ་འགགས་པའི་དབང་གིས་མིའི་རྒྱུ་བ་མེད་པར་དུས་ཕལ་ཆེ་བ་ནི་དཀའ་ཐུབ་འབའ་ཞིག་མཛད་དོ། །དེར་ཡང་ཡུམ་གྱིས་བསྐུར་བའི་ཉེར་སྤྱད་འབུལ་མི་སོགས། འདུ་འཛི་ཅུང་ཟད་ཙམ་བྱུང་བས། དེ་བས་ཀྱང་དབེན་པའི་སེང་གེ་ཕུག་ཏུ་དཀའ་ཐུབ་འབའ་ཞིག་ལ་བརྟེན་ནས་བཞུགས་པའི་ཚེ། ཕུག་པའི་ཉེ་ལོགས་རྣམས་སུ། སྔོའི་རིགས་ཁ་དོག་དམར་སེར་དུ་སྣང་བ་འདབ་མའི་དབྱིབས་རྒྱ་ཇ་བཟང་པོ་དང་འདྲ་རུང་བ་གཟུགས་དང་ལང་ཚོ་ཡིད་དུ་འོང༌