[A:༡༤བ]གྱི་སྒོ་འབུམ་ཕྲག་མང་པོ་ཐུགས་ཉམས་སུ་བསྟར་བས། ཕྱིར་འགྲོ་བ་མ་ལུས་པ་དབང་དུ་འདུས། ནང་དུ་རྩ་རླུང་ཐིག་ལེའི་དེ་ཁོ་ན་ཉིད་ལ་དབང་འབྱོར། གསང་བར་མི་མ་ཡིན་མཐའ་དག་བྲན་དུ་བསྐོལ་ནུས་པ་ལ་སོགས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བདེ་བླག་ཏུ་འགྲུབ་པར་མཛད་དོ། །དེ་ནས་ཡུམ་གྱིས་སྤྱན་འདྲེན་པ་ཇི་ཙམ་བསྔགསམངགས་ཀྱང་གདན་མ་འདྲོངས་པས། ཡུམ་ཉིད་ཀྱིས་སྐྱེས་པའི་ཆས་སུ་རྫུས་ཏེ། ལམ་[C:283]གྱི་དཀའ་བ་དཔག་ཏུ་མེད་པ་དང་དུ་བླངས་ནས་སྤྱན་སྔར་གཏོལ་བས། ཡུམ་གྱི་བཀའ་མ་ཆོགས་པར། གནས་ཀྱི་ཕྱི་རོལ་དུ་ཕྱགས་ཕེབས་ཏེ། གྲུམ་ལུང་སྟོད་སྨད་གྱི་དབེན་པ་རྣམས་སུ་ཐུགས་དམ་ལ་བརྩོན་པར་བཞུགས་པའི་ཚེ། སློབ་དཔོན་དགེ༌[B:༣༡] འདུན་གྲུབ་པ་བཀྲ་ཤིས་ལྷུན་པོའི་ཆོས་སྡེ་འདེབས་པར་བཞེད་པས་གཙང་ཕྱོགས་སུ་བྱོན་ནས། གསང་ཕུའི་གྲྭ་ཚང་འཐོར་ལ་ཐུག་པའི་ཉམས་དམའ་བར་གྱུར་པ་ཐུགས་ཀྱིས་མ་བཟོད་པས། གསང་ཕུར་ཕེབས་པ་ན། ནང་གི་དེ་ཁོ་ན་ཉིད་དངོས་སུ་གཟིགས་པའི་བྱིན་གྱིས། སྐྱེ་དགུ་རྣམས་འདུན་པར་འགྱུར་བ་ནི་ཆོས་ཉིད་པས། མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱིས་ཆེད་དུ་བསྔགས་ཤིང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བླ་མ་མཛད་པས། ཤེས་བྱའི་གནས་མི་མཁྱེན་པ་གཅིག་ཀྱང་མི་མངའོ་ཞེས། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་མཚན་དུ་འབོད་པར་བྱེད་ལ། འགའ་ཞིག་གིས་འཇམ་དབྱངས་བཀྲ་ཤིས་རྣམ་རྒྱལ་ཞེས་པར་ཡང་འདོན་ཏོ། །དེ་ཕྱིན་ཆད་དུ་ནི་མཉམ་རྗེས་བགྲོད་པ་གཅིག་པའི་ལམ་བརྙེས་པ་ལྟར། ནང་དུ་ཡང་དག་འཇོག་ལས་ནམ་ཡང་གཡོས་པ་མི་མངའ་ན་ཡང༌། ཕྱི་ལྟར་དུ་ནི་རྗེས་ཐོབ་ཀྱི་སྤྱོད་པ་གཞན་དོན་འབའ་ཞིག་མཛད་པའི་རྣམ་པར་སྣང་ངོ་ཞེས་གྲག་གོ །
བསམ་གཏན་ཆུ་ཀླུང༌