R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༡༨ན
[A:༡༨ན]མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་བཏབ་པས་དགོས་དགུ་ཅོག་འབད་མེད་དུ་འབྱུང་བར་བྱའོ། །མཆོད་གཏོར་རྒྱ་ཆེན་པོ་བཤོམས་ཤིག་པའི་བཀའ་ཕེབས་པ་ལ། མཆོད་གཏོར་གྱི་རྒྱུ་ཆ་ཙམ་ཡང་མ་འཚལ་བས། སྣེའུ་རྫོང་དུ་ཞུས་པའི་རྩམ་རྒྱབ་བརྒྱད་དང་ལུག་ཤ་བཅུ་གཉིས་ལ་ཐབ་ཀྱི་ཉེར་སྤྱད་དང་མཆོད་གཏོར་གྱི་རྒྱུ་ཆ་མཛད་དེ་རྡོ་རྗེའི་ཆོས་སྐྱོང་བ་རྣམས་ལ་གསོལ་བཏབ་པས། ཙམ་ནས་ཤ་མར། གོས་དར། རྣམ་ཕྲུག །གོ་ཁྲབ། མཛོ། རྟ་ལ་སོགས་པ་ཆར་བཞིན་དུ་བབས་པས། [B:༣༧] འཕྲལ་དགོས་ཀྱི་ཉེར་སྤྲད་འཁོ་དགུ་མཐའ་དག་འཛོམ་ནས། རུས་ཤིང་བཙུགས་ཏེ་སྤྲ་བཟོ་ལ་ཐུག་པའི་སྐབས་སུ། ཁམས་ནས་ཟངས་དོས་བརྒྱ་དང་བཅུ་བདུན། དངུལ་ཆུ་དོས་དྲུག །གཞན་ཡང་གསེར་དངུལ། ཇ་གོས་དར། རྟ་དྲེལ་མཛོ་གསུམ་སོགས་འབུལ་བ་མང་པོ་སླེབ་ཅིང༌། དབུས་གཙང་སོགས་ཡན་ཕྱིན་རྣམས་ནས་ཀྱང་ཟངས་གསེར་སོགས་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་བས། རྟེན་ཆེན་འབད་མེད་དུ་གྲུབ་པ་དང༌། གསང་ཕུར་རྒྱ་ནད་མིག་སེར་བྱ་བའི་རིམས་ནད་དྲག་པོས་གྲྭ་ཚང་རེ་རེ་ནས་དགེ་འདུན་དཔག་ཏུ་མེད་པ་གཤེགས་ཤིང་སྣོན་གསང་གི་མི་ཕལ་ཆེ་བ་དུས་ཀྱི་ཆོས་དང་ལྡན་པར་བྱས་པས་ལུང་[C:291]པ་སྟོངས་ལ་ཐུག་པ་བྱུང་བའི་དུས། བདག་ཉིད་ཆེན་པོ་འདིས་རྡོ་རྗེའི་ཆོས་སྐྱོང་པ་རྣམས་ལ་འཕྲིན་ལས་བསྐུལ་བས། མཐོང་སྨོན་གྲྭ་ཚང་གི་གྲྭ་པར་གཏོགས་སོ་ཅོག་ཡོན་བདག་དང་བཅས་པ་རྣམས་ལ། ནད་དེས་ཅུང་ཟད་ཀྱང་མི་གོས་ཤིང༌། ཕྱག་མདུད་ཐོགས་པ་རྣམས་ཀྱང་ནད་དེ་ལས་སྐྱོབ་པར་མཛད་པ་དང༌། བསམ་ཡས་སུ་ཆོས་བར་ལ་ཕེབས་པའི་དུས་ཤིག་ཏུ། ཉེ་ལོགས་སུ་སོག་སྤེ་ལ་མེ་ཤོར་ནས་དཔོན་སློབ་པའི་གཟིམས་ཁང་ཚིག་ཏུ་ཉེ་བ་ན། གཞི་བདག་ཆེན་པོ་ལ་"མེ་སོད"་ཅེས་བཀའ་