R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༢བ
[A:༢༢བ]ལས་ཐལ་ཚར་འདུག་པའི་ཚུལ། མངོན་སུམ་པ་འདི་ཉིད་ཡིན་ན། སྐུའི་སྲོག་ལ་འཐུང་བའི་ཐབས་རྒྱལ་བས་ཀྱང་མི་མཁྱེན་པར་འདུག །དེང་ནི་མི་མ་ཡིན་ཆེན་པོ་ཉིད་ཡིན་གྱིས་མིའི་རྣམ་པ་ཙམ་དུ་བས་མོད། ད་ལྟའི་འདི་ཉིད་བཞུགས་པར་འདོད་ན། འབྱུང་པོ་དེ་བཅིང་བས་བཅིངས་པ་ཉིད་ཀྱིས་དེ་མ་དཀྲོལ་གྱི་བར་དུ་གནས་པ་ཉིད་དོ། །དེ་ལྟ་མོད་ཀྱིས། "འབྱུང་པོ་དག་ལ་དཔོན་དུ་བསམ་པ་ནི་འཁྲུལ་བ་བས་ཀྱང་ཉིང་འཁྲུལ་ཏེ། དེས་ན་མི་མ་ཡིན། འདི་བསྐྲད་ནས། ཡུན་ཅུང་ཟད་ཙམ་མི་ཉིད་དུ་བཞུགས་པར་འདོད་དམ་འདེམ་ཁ་གྱིས་ཤིག" །ཅེས༌[B:༤༥] བཀའ་སྩལ་པས། རྗེས་མའི་དོན་དེ་ཉིད་ལ་གསོལ་བ་བཏབ་པའི་ངོར། འབྱུང་པོ་དེ་ལ་གཏོར་མ་གནང་ནས་བཀའ་བསྒོས་ཏེ། སྲིན་འཛུབ་ལ་བཅིངས་པའི་ཕྱག་མདུད་དཀྲོལ་བས། དེ་མ་ཐག་ཏུ་འབྱུང་པོ་དེ་ཕྱིར་དེངས་ནས་ཐུགས་རིག་གསལ་ཞིང་རྣལ་དུ་གནས་པས། ཞག་གཉིས་གསུམ་ཙམ་དུ་བཀའ་གྲོས་གནང་འོས་དང༌། བཀའ་ཆེམས་འཇོག་པ་སོགས་ཀྱང་མཛད། དེ་བས་ཀྱང་འཇིག་རྟེན་ཕྱི་མའི་དོན་གལ་ཆེ་བར་དགོངས་ཏེ། རིགས་ཀྱི་བསྙེམས་པ་དང་མངོན་པའི་ང་རྒྱལ་དོར་ནས་བདག་ཉིད་ཆེན་པོ་འདིའི་ཞབས་ལ་གཏུགས་ཏེ། ངན་སོང་སྦྱོང་བ་ཀུན་རིག་གི་དབང་བསྐུར་བ་དང༌། གོང་དུ་འཕོ་བའི་གདམས་པ་ལ་སོགས་པས་རྗེས་སུ་བཟུང་ནས། ཕན་བདེའི་བཀའ་དྲིན་ཡང་དག་པར་སྩལ་བ་སོགས་པ་ནི་སྣང་སྲིད་མ་ལུས་པ་ལ་དབང་བསྒྱུར་བར་ནུས་པའི་རྟགས་སོ། ། གང་གི་ཞལ་ནས་ཧཱུྃ་ཞེས་བརྗོད་ཙམ་གྱིས། ། དྲེགས་པའི་གཙོ་བོ་མཐའ་དག་དངངས་བྱེད་ཅིང༌། ། ཕཊ་ཀྱི་སྒྲ་ཡིས་སྲིད་[C:301]གསུམ་བསྒྲོལ་མཛད་པ། ། གསང་བའི་བདག་པོ་ཡང་འདིར་བྱོན་ནམ་ཅི། ། མཐུ་སྟོབས་རྡོ་རྗེའི་མེ་ཆར་དྲག་པོ་ཡིས། ། སྟོང་ཕྲག་བགེགས་ཀྱི་ཚོགས་རྣམས་བསྲེག་མཛད་ཀྱང༌། །