R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༤བ
[A:༢༤བ]ཕེབས་པ་ཚུན་སྐུ་ལ་ཤིག་སྲོ་སོགས་སྲིན་བུའི་རིགས་འགའ་ཡང་མི་མངའ་བར་ཀུན་ལ་གྲགས་པ་དང༌། སྦྱིན་པ་ལ་འགའ་ཞིང་སེར་སྣ་ཅུང་ཟད་ཀྱང་མི་མངའ་བ་དང༌། དུས་རྟག་ཏུ་རྒྱལ་བ་དགྱེས་པའི་མཛད་སྤྱོད་ལས་གཞན་དུ་མི་བརྙེལ་བ་དང༌། བྱང་ཆུབ་ཀྱི་སེམས་བརྟན་པ་རྐྱེན་གྱིས་མི་འཕྲོགས་པ་དང༌། སྐུ་ལ་གྲིབ་མ་མི་མངའ་བར་ངེས་པ་རྙེད་པའི་བཀའ་བཅུ་པ་སངས་རྒྱས་དཔལ་གྱིས། བདག་ཉིད་ཆེན་པོ་འདིའི་སྐུ་ལུས་ལ་མེ་མར་དང་ཉི་མ་ལ་སོགས་པའི་མདངས་ཀྱིས་ཕོག་པའི་ཚེ། གཞན་ལ་བསྟན་ནས་ཡིད་ཆེས་པར་བྱས་པ་ལ་སོགས་པ་ནི། བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་དང༌། གསེན་དགོན་དུ་སྐུ་མཚམས་ལ་བཞུགས་དུས་གཅུང་པོ་ནམ་མཁའ་རྒྱལ་མཚན་པ་ལ། ངེད་ལ་ས་ཐོབ་པའི་ཡོན་ཏན་གྱི་ཆ་ཅུང་ཟད་ཀྱང་མེད་རུང༌། མདང་སང་རྨི་ལམ་གྱི་མཚན་མ་མཐོང་བ་རྣམས་ནི་ས་ཐོབ་པའི་རྟགས་འབའ་ཞིག་ཡང་ནས་ཡང་དུ་བྱུང༌། གསུང་བ་ལན་འགའ་ཞིག་ཕེབས་པ་དང་། རྗེས་སུ་མཐུན་[C:305]པར། གཞི་ཐམས་ཅད་ལ་གྱ་གྱུ་མེད་པའི་བསམ་པ་དང༌། ཉེས་སྤྱོད་ལས་ལྡོག་ཅིང་བླ་མེད་རྫོགས་བྱང་བསྒྲུབ་པའི་གེགས་མ་ལུས་པ་སྤོང་བའི་ཚུལ་ཁྲིམས་རྣམ་པར་དག་པ་དང༌། དམ་པའི་ཆོས་གསན་པ་ལ་ངོམས་ཆོག་མི་མངའ་ཞིང༌། ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱིས་སངས་རྒྱས་མང་པོ་ལ་ཆོས་གསན་པའི་ཚིག་དོན་ཐུགས་སུ་ཆུད་དེ། མཁས་རློམ་གཞན་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་གསུང་རབ་ཤིན་ཏུ་མང་པོ་མཁྱེན་པ་དང༌། རང་གི་དོན་དང་དམན་པ་ཡིད་ལ་བྱེད་པས་རྣམ་པར་དབེན་པའི་དགོན༌[B:༤༩] པ་འབའ་ཞིག་ཏུ་བཞུགས་པ་དང༌། འདྲིས་པ་དང་འཁྲེན་པ་མི་མངའ་བས་སྐུ་སྐྱེ་བ་སྔ་མ་རྣམས་སུ་རྫུས་ཏེ་སྐྱེ་བའི་ཚུལ་མང་དུ་བསྟན་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཉན་རང་གི་ས་ལ་